ནང་དོན་དུ་མཆོང་

སེམས་འདུན་ཆེན་པོ།

འདུན་པ་ལ་རྒྱུ་རྐྱེན་མང་པོ་ཡོད་ཅིང་། དེ་དག་ལས་གཅིག་ནི་འཇིགས་སྐྲག་ཟེར་བ་དེ་རེད།

གྲོང་ཁྱེར་ཆེན་པོའི་སྤྱི་གླིང་ནང་དུ་གྱོང་ཆེ་བའི་སྐྱེས་བུ་དག་གི་ལྷམ་འཁྲུ་མཁན་དམན་པའི་བྱིས་པ་དེ་ནི་དབུལ་ཕོངས་དང་རང་ཉིད་དང་མ་འོངས་པར་འཇིགས་སྣང་སྐྱེས་ཚེ་རྐུན་མ་ཞིག་ཏུ་འགྱུར་སྲིད།

རྒྱུ་དཔོན་ཆེན་པོའི་ཚོང་ཁང་དུ་ལས་ཀ་བྱེད་མཁན་གྱི་འཚེམ་བཟོ་བ་དམན་པ་དེ་ནི་མཚན་མོར་རྐུན་མ་དང་སྨད་འཚོང་མ་ཞིག་ཏུ་འགྱུར་སྲིད། གལ་ཏེ་མོས་མ་འོངས་པ་དང་། མི་ཚེ། རྒས་འཁོགས། རང་ཉིད་སོགས་ལ་འཇིགས་སྣང་སྐྱེས་ཚེ།

ཟ་ཁང་དང་མགྲོན་ཁང་ཆེན་པོའི་ནང་གི་ཞབས་ཞུ་བ་དག་ནི་རང་ཉིད་དང་ཞབས་ཞུ་བའི་གོ་གནས་དམན་པ། མ་འོངས་པ་སོགས་ལ་འཇིགས་སྣང་སྐྱེས་ཚེ་ཇག་རྐུན་དང་དངུལ་ཁང་འཕྲོག་མཁན་དུ་འགྱུར་སྲིད།

འབུ་ཕྲ་མི་སྡུག་ཅིག་གིས་མཛེས་སྡུག་ལྡན་པར་འདོད་པ་དང་། ཚོང་སྒྲོམ་མདུན་དུ་ཡོང་མཁན་ལ་བཟོད་བསྲན་དང་ལྷག་བསམ་ཆེན་པོས་འགྲེལ་བརྗོད་བྱེད་མཁན་གྱི་ལས་བྱེད་དམན་པ་དེས་མགོ་བོ་སྒུར་སྒུར་བྱས་ཏེ་འཛུམ་མདངས་དང་བཅས་ཏེ་དེ་ལས་ལྷག་པ་ཞིག་འདོད་པ་ནི་ཁོ་ལ་འཇིགས་སྣང་ཆེན་པོ་སྐྱེས་པའི་རྐྱེན་གྱིས་དབུལ་ཕོངས་དང་མ་འོངས་པའི་འཚོ་བ་སྡུག་ཅག་དང་རྒས་འཁོགས་སོགས་ལ་འཇིགས་སྣང་སྐྱེས་པའི་རྐྱེན་གྱིས་རེད།

འདུན་པ་ལ་ཕྱོགས་མང་པོ་ཡོད། འདུན་པ་ལ་དམ་པ་དང་བདུད་ཀྱི་ངོ་གདོང་དང་སྐྱེས་པ་དང་བུད་མེད་ཀྱི་ངོ་གདོང་། ཁེ་ཕན་དང་ཁེ་མེད་ཀྱི་ངོ་གདོང་དང་ཡོན་ཏན་ཅན་དང་སྡིག་ཅན་གྱི་ངོ་གདོང་ཡོད།

གཉེན་སྒྲིག་བྱེད་འདོད་ཡོད་མཁན་དང་གཉེན་སྒྲིག་ལ་སྡང་བའི་རྒན་པོ་དེའི་ནང་དུ་ཡང་འདུན་པ་ཡོད།

“མི་ཞིག་ཏུ་འགྱུར་བའི”། “མངོན་པར་གྱུར་བའི”། མཐོ་རུ་འགྲོ་བར་འདོད་མཁན་གྱི་ནང་དུ་འདུན་པ་ཡོད་པ་བཞིན་འཇིག་རྟེན་འདི་ནས་ཅི་ཡང་མི་འདོད་མཁན་དབེན་པར་འདུག་མཁན་གྱི་ནང་དུའང་འདུན་པ་ཡོད། ཁོ་ཚོའི་འདུན་པ་ནི་ཞིང་ཁམས་ཐོབ་འདོད་དང་གྲོལ་འདོད་ཙམ་རེད།

འཇིག་རྟེན་དང་འབྲེལ་བའི་འདུན་པ་དང་བླ་མེད་དང་འབྲེལ་བའི་འདུན་པ་ཡོད། སྐབས་རེ་འདུན་པས་ཁེ་མེད་དང་བློས་གཏོང་གི་རྫུས་འགེབ་ཀྱང་བྱེད་སྲིད།

འཇིག་རྟེན་སྡུག་ཅག་དང་ཐབས་སྡུག་ལ་འདུན་པ་མེད་མཁན་དེས་འཇིག་རྟེན་གཞན་ཞིག་ལ་འདུན་པ་ཡོད་པ་དང་དངུལ་ལ་འདུན་པ་མེད་མཁན་དེས་སེམས་ཀྱི་ནུས་པ་ལ་འདུན་པ་ཡོད།

ང་རང་ལ་འདུན་པ་སྦེད་རྒྱུར་དགའ་བ་དང་སེམས་ཀྱི་གསང་བའི་གནས་སུ་འཇོག་དགོས་པར་བཤད་དེ། “ང་ལ་འདུན་པ་གང་ཡང་མེད”། “ངས་ངའི་སྤུན་ཟླ་ཚོར་བརྩེ་བ་བྱེད”། “ངས་མི་ཐམས་ཅད་ཀྱི་དོན་དུ་ལྷག་བསམ་མེད་པར་ལས་ཀ་བྱེད”།

སྲིད་དོན་པ་གཡོ་ཅན་དེས་ཐབས་མཁས་ཀྱིས་མང་ཚོགས་ལ་ཧ་ལས་དགོས་པ་ཞིག་བཟོས་ཏེ་ཁོ་ལ་ལྷག་བསམ་མེད་པའི་ལས་དོན་ཡོད་པ་འདྲ་མོད། འོན་ཀྱང་ལས་ཀ་དོར་དུས་ཁོ་རང་གི་རྒྱལ་ཁབ་ནས་ཨ་སྒོར་ས་ཡ་ཁ་ཤས་ཁྱེར་ནས་ཐོན་པ་ནི་རྒྱུན་ལྡན་ཞིག་རེད།

འདུན་པ་དེས་ཁེ་མེད་ཀྱི་རྫུས་འགེབ་ཀྱིས་མི་མཁས་པ་དག་ལ་མགོ་སྐོར་གཏོང་ཐུབ།

འཇིག་རྟེན་འདིར་འདུན་པ་མེད་པར་འདོད་མཁན་མང་པོ་ཡོད།

འཇིག་རྟེན་འདིར་འདོད་རྔམ་ཡོད་ཚད་དོར་མཁན་མང་པོ་ཡོད་པ་ནི་ཁོ་ཚོས་རང་ཉིད་ཀྱི་ནང་སེམས་འཐུས་ཚང་ཡོང་བར་འདོད་པས་རེད།

དད་པ་ཆེན་པོས་པུས་མོ་ས་ལ་བཙུགས་ཏེ་ལྷ་ཁང་དུ་འགྲོ་མཁན་དང་ལྕག་གིས་རང་ཉིད་ལ་རྡུང་མཁན་དེས་གང་ཡང་འདོད་པ་མེད་པ་འདྲ་མོད། འོན་ཀྱང་ཁོ་ལ་ངོ་མཚར་དང་སྨན་བཅོས་དང་ནད་མེད་ཡོང་བ་དང་ཁྱིམ་མི་གང་རུང་ལ་དེ་འདྲ་ཐོབ་འདོད་ཀྱི་འདུན་པ་ཡོད་པ་ནི་གསལ་པོ་རེད། ཡང་ན་རྟག་བརྟན་གྱི་ཐར་པ་ཐོབ་འདོད་ཀྱང་ཡོད།

ང་ཚོས་ཆོས་ལ་དད་པ་བྱེད་མཁན་ལ་བསྔགས་བརྗོད་བྱེད་ཀྱང་། ཁོ་ཚོས་རང་ཉིད་ཀྱི་ཆོས་ལ་ལྷག་བསམ་མེད་པར་བརྩེ་བ་མི་བྱེད་པར་བློ་ཕམ་ཡོད།

ཆོས་དམ་པ་དང་ཚོགས་པ་རྣམས་དང་དགེ་སྦྱོང་ཚོགས་པ་སོགས་ལ་ང་ཚོའི་ལྷག་བསམ་མེད་པའི་བརྩེ་བ་དགོས།

འཇིག་རྟེན་འདིར་རང་ཉིད་ཀྱི་ཆོས་དང་སློབ་གྲྭ་དང་ཚོགས་པ་སོགས་ལ་ལྷག་བསམ་མེད་པར་བརྩེ་བ་བྱེད་མཁན་ཞིག་རྙེད་རྒྱུ་ཧ་ཅང་དཀོན། དེ་ནི་བློ་ཕམ་ཞིག་རེད།

འཇིག་རྟེན་ཐམས་ཅད་འདུན་པས་ཁེངས་ཡོད། ཧི་ཐི་ལར་གྱིས་འདུན་པ་དང་འབྲེལ་བའི་དམག་འཁྲུག་བསླངས།

དམག་འཁྲུག་ཚང་མ་འཇིགས་སྣང་དང་འདུན་པ་ལས་བྱུང་བ་དང་མི་ཚེའི་ནང་གི་དཀའ་ངལ་ཆེ་ཤོས་ཚང་མ་འདུན་པ་ལས་བྱུང་བ་རེད།

འཇིག་རྟེན་ཐམས་ཅད་འདུན་པའི་དབང་གིས་འཐབ་འཛིང་བྱེད་པ་དང་ཕན་ཚུན་བར་འཐབ་པ་དང་ཚང་མ་ཕན་ཚུན་བར་འཐབ་པ་རེད།

མི་ཚེའི་ནང་མི་སུ་ཡིན་ཡང་ཅིག་འདོད་པ་དང་ལོ་ན་སྨིན་པའི་དགེ་རྒན་དང་ཕ་མ་སོགས་ཀྱིས་བྱིས་པ་དང་ན་གཞོན་ཚོ་འདུན་པའི་ལམ་ངན་པའི་སྟེང་དུ་འགྲོ་བར་སྐུལ་མ་བྱེད།

མི་རྒན་པ་ཚོས་སློབ་མ་ཚོར་ཁྱེད་རང་མི་ཚེའི་ནང་ལ་གྲུབ་འབྲས་ཐོབ་དགོས་པ་དང་ཕྱུག་པོ་ཆགས་དགོས་པ་དང་རྒྱུ་འབྱོར་ཡོད་པ་དང་གཉེན་སྒྲིག་བྱེད་དགོས་ཟེར་གྱི་རེད།

མི་རབས་རྙིང་པ་ཚོས་མི་རབས་གསར་པ་ཚོ་ཡང་འདུན་པ་ཅན་དང་མི་སྡུག་ཅག་དང་ཁོ་ཚོ་འདྲ་བ་ཞིག་ཏུ་འགྱུར་འདོད་ཡོད།

དེའི་ནང་ནས་ཆེས་ཛ་དྲག་ཆེ་ཤོས་ནི་མི་གསར་པ་ཚོ་ཡང་འཁྱོག་བཤད་དང་འདུན་པའི་ལམ་སྡུག་ཅག་དེའི་སྟེང་དུ་འགྲོ་རུ་འཇུག་གི་རེད།

དགེ་རྒན་ཚོས་སློབ་མ་ཚོར་ལས་ཀ་གང་ལ་ཡང་བརྙས་བཅོས་བྱེད་མི་རུང་བ་བསླབ་དགོས་པ་དང་། གླ་འཁོར་གྱི་ཁ་ལོ་བ་དང་ཚོང་སྒྲོམ་གྱི་ལས་བྱེད་དང་ཞིང་པ་དང་ལྷམ་འཁྲུ་མཁན་སོགས་ལ་བརྙས་བཅོས་བྱེད་མི་རུང་།

ལས་ཀ་དམན་པ་ཚང་མ་མཛེས་སྡུག་ལྡན་པ་དང་། ལས་ཀ་དམན་པ་ཚང་མ་སྤྱི་ཚོགས་འཚོ་བའི་ནང་ལ་མཁོ་གལ་ཆེ།

ང་ཚོ་ཚང་མ་བཟོ་བོ་དང་སྲིད་འཛིན་དང་ཁྲིམས་དཔོན་སོགས་བྱེད་པར་སྐྱེས་མེད།

སྤྱི་ཚོགས་ནང་ལས་ཀ་དང་ལག་ཤེས་ཚང་མ་མཁོ་བ་དང་ལས་ཀ་གང་ཡང་བརྙས་བཅོས་བྱེད་མི་འོས་པ་ཞིག་མེད།

ལག་ལེན་གྱི་འཚོ་བའི་ནང་མི་སུ་ཡིན་ཡང་དོན་དག་ཅིག་གི་ཆེད་དུ་ཡོད་པ་དང་གལ་ཆེ་ཤོས་ནི་རང་ཉིད་གང་གི་ཆེད་དུ་ཡོད་པ་ཤེས་རྒྱུ་དེ་རེད།

དགེ་རྒན་ཚོའི་ལས་འགན་ནི་སློབ་མ་ཚོའི་ཤེས་ཚད་གསར་རྙེད་བྱེད་པ་དང་དེ་དག་ལ་ཁ་ཕྱོགས་སྟོན་རྒྱུ་དེ་རེད།

མི་སུ་ཞིག་གིས་རང་ཉིད་ཀྱི་ཤེས་ཚད་དང་མཐུན་པའི་ལས་ཀ་བྱས་ཚེ་བརྩེ་བ་དངོས་དང་འདུན་པ་མེད་པར་ལས་ཀ་བྱེད་ཐུབ།

བརྩེ་བས་འདུན་པ་དེ་བརྗེ་དགོས། ཤེས་ཚད་ནི་ང་ཚོས་དགའ་པོ་བྱེད་པ་དང་གང་ཞིག་ལ་ང་ཚོས་བརྩེ་བའི་ལས་རིགས་དེ་རེད།

དེང་སང་གི་མི་ཚེའི་ནང་གནོང་འགྱོད་དང་འདུན་པའི་དབང་གིས་ལས་ཀ་བྱེད་པ་ནི་རང་ཉིད་ཀྱི་ཤེས་ཚད་དང་མི་མཐུན་པའི་རྐྱེན་གྱིས་རེད།

གལ་ཏེ་གང་ཞིག་རང་ཉིད་ཀྱི་དགའ་པའི་ལས་ཀ་སྟེ་ཤེས་ཚད་དངོས་དང་མཐུན་པ་བྱས་ཚེ། ཁོས་དགའ་སྤྲོ་དང་བཅས་ཏེ་བརྩེ་བ་བྱེད་པ་ཡིན་ཏེ། ཁོའི་ཀུན་སྤྱོད་གཙོ་བོ་ནི་རང་ཉིད་ཀྱི་ཤེས་ཚད་དང་མཐུན་པས་སོ།

དེ་ནི་དགེ་རྒན་ཚོའི་ལས་འགན་ཏེ་སློབ་མ་ཚོར་ཁ་ཕྱོགས་སྟོན་པ་དང་ཁོ་ཚོའི་ཤེས་རབ་རྟོགས་ཏེ་ཁ་ཕྱོགས་དངོས་ཀྱི་ལམ་སྟོན་བྱེད་རྒྱུ་དེ་ཡིན།