ནང་དོན་དུ་མཆོང་

ལ་པ་ཟི།

ཞི་བདེ་ནི་བསམ་པའི་ནང་ནས་ཡོང་མི་ཐུབ། རྒྱུ་མཚན་ནི་ཞི་བདེ་དེ་བསམ་པ་དང་འབྲེལ་བ་མེད་པའི་རྐྱེན་གྱིས་རེད། ཞི་བདེ་ནི་སེམས་དྭངས་གཙང་གི་དྲི་ཞིམ་འཐུལ་བའི་མེ་ཏོག་དང་མཚུངས་སོ། །

ཞི་བདེ་ནི་ལས་འཆར་དང་རྒྱལ་སྤྱིའི་ཉེན་རྟོག་པ། མཉམ་འབྲེལ་རྒྱལ་ཚོགས། ཨོ་ཨེ་ཨེ། རྒྱལ་སྤྱིའི་ཆིངས་ཡིག ཡང་ན་ཞི་བདེའི་མིང་ཁྱེར་ནས་བཙན་འཛུལ་བྱེད་མཁན་གྱི་དམག་དཔུང་དང་འབྲེལ་བ་མེད།

གལ་སྲིད་ང་ཚོས་བདེན་པའི་ཞི་བདེ་འདོད་ན་དམག་འཁྲུག་གི་སྐབས་སུ་ལྟ་སྲུང་བྱེད་མཁན་ཇི་བཞིན་དུ་གནས་དགོས་ཏེ། དུས་རྟག་ཏུ་དོགས་ཟོན་དང་ལྟ་སྲུང་བྱེད་པ། བསམ་པ་གྲུང་སྟོབས་ལྡན་པ། རྒྱུ་མཚན་ནི་ཞི་བདེ་ནི་རྨི་ལམ་སྙན་མོ་དང་རོལ་དབྱངས་ཀྱི་འཁྲུལ་སྣང་མ་ཡིན་པའི་རྐྱེན་གྱིས་རེད།

གལ་སྲིད་ང་ཚོས་སྐད་ཅིག་སྐད་ཅིག་ལ་དོགས་ཟོན་བྱེད་པའི་གནས་སྟངས་སུ་གནས་སྟངས་སུ་འཚོ་བ་བསྐྱེལ་སྟངས་མ་ཤེས་ན། ཞི་བདེའི་ཕྱོགས་སུ་འཁྲིད་པའི་ལམ་དེ་ནི་སླ་བོ་ཞིག་མིན་པར་དོག་པོར་འགྱུར། དེ་ནས་ཧ་ཅང་ཁག་པོར་ཆགས་རྗེས་མཐའ་མཇུག་ཏུ་འགྲོ་ས་མེད་པའི་ལམ་ཁ་ཞིག་ཏུ་ཐོན་ངེས་རེད།

ང་ཚོས་ངེས་པར་དུ་ཧ་གོ་དགོས་པ་ནི་སེམས་དྭངས་གཙང་གི་བདེན་པའི་ཞི་བདེ་དེ་ནི་ང་ཚོ་སླེབས་ཐུབ་པའི་ཁྱིམ་ཚང་ཞིག་དང་བུ་མོ་མཛེས་མ་ཞིག་གིས་དགའ་སྤྲོས་ངང་སྒུག་སྲིད་པ་ཞིག་མིན། ཞི་བདེ་ནི་དམིགས་འབེན་དང་ས་ཆ། ཡང་ན་དེ་དང་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་མིན།

ཞི་བདེའི་རྗེས་སུ་འབྲང་བ་དང་འཚོལ་བ། དེའི་ཐོག་ཏུ་ལས་འཆར་བཟོ་བ། དེའི་མིང་ཁྱེར་ནས་འཐབ་རྩོད་བྱེད་པ། དེའི་སྐོར་ལ་དྲིལ་བསྒྲགས་བྱེད་པ། དེའི་ཆེད་དུ་ལས་ཁུངས་གསར་འཛུགས་བྱེད་པ་སོགས་ནི་རྦད་དེ་དོན་མེད་རེད། རྒྱུ་མཚན་ནི་ཞི་བདེ་ནི་བསམ་པའི་ཆ་ཤས་མིན་པའི་རྐྱེན་གྱིས་རེད། ཞི་བདེ་ནི་སེམས་དྭངས་གཙང་གི་དྲི་ཞིམ་འཐུལ་བའི་མེ་ཏོག་དང་མཚུངས་སོ། །

ཞི་བདེ་ནི་ཉོ་ཚོང་བྱེད་མི་ཐུབ་ལ་ཞི་འཇགས་སུ་གཏོང་བའི་ལམ་ལུགས་དང་དམིགས་བསལ་ཚོད་འཛིན། ཉེན་རྟོག་པ་སོགས་ཀྱི་སྒོ་ནས་ཀྱང་ཐོབ་མི་ཐུབ།

རྒྱལ་ཁབ་ཁ་ཤས་ནང་དུ་རྒྱལ་ཡོངས་དམག་དཔུང་གིས་ཞིང་ཁ་རྣམས་སྟོར་བརླག་བཏང་ནས་མི་རྣམས་བསད་པ་དང་ཇག་རྐུན་ཡིན་པའི་དོགས་གཞི་ཡོད་མཁན་རྣམས་མེ་མདའ་བརྒྱབ་ནས་བསད་པ་རྣམས་ཞི་བདེའི་མིང་ཁྱེར་ནས་བྱེད་ཀྱི་ཡོད། བྱ་སྤྱོད་དེ་འདྲ་ཞིག་གི་མཇུག་འབྲས་ནི་གདུག་རྩུབ་ཀྱི་རང་བཞིན་ཇེ་མང་དུ་འགྲོ་རྒྱུ་དེ་རེད།

དྲག་ཤུགས་ལས་དྲག་ཤུགས་སྐྱེ་བ་དང་སྡང་ཟུག་ལས་སྡང་ཟུག་སྐྱེ་ཡི་རེད། ཞི་བདེ་ནི་བཙན་འཛུལ་བྱས་ནས་ཐོབ་མི་ཐུབ་ལ། ཞི་བདེ་ནི་དྲག་ཤུགས་ཀྱི་མཇུག་འབྲས་ཀྱང་ཡིན་མི་སྲིད། ཞི་བདེ་ནི་ང་ཚོས་རང་ཉིད་ཀྱི་“ང་“ཞེས་པ་དེ་མེད་པར་བཟོས་དུས་ད་གཟོད་ང་ཚོའི་སར་སླེབས། ང་ཚོས་རང་ཉིད་ཀྱི་ནང་དུ་དམག་འཁྲུག་བཟོ་བའི་སེམས་ཁམས་ཀྱི་རྒྱུ་རྐྱེན་དེ་དག་མེད་པར་བཟོས་དུས་ང་ཚོའི་སར་སླེབས་ཀྱི་རེད།

གལ་སྲིད་ང་ཚོས་ཞི་བདེ་འདོད་ན་བརྟག་དཔྱད་དང་སློབ་སྦྱོང་བྱེད་དགོས། དེ་བཞིན་དུ་བརྟག་དཔྱད་དང་སློབ་སྦྱོང་བྱེད་དགོས། ང་ཚོས་བརྟག་དཔྱད་དང་སློབ་སྦྱོང་བྱས་ནས་རི་མོའི་ཟུར་ཁྱོགས་གཅིག་མ་ཡིན་པར་སྤྱིའི་རྣམ་པ་དེ་མཐོང་ཐུབ་དགོས།

ང་ཚོའི་ནང་དུ་ནང་གི་རྣམ་པ་རྦད་དེ་བསྒྱུར་བ་བཏང་དུས་ཞི་བདེ་སྐྱེ་ཡི་རེད།

ཚོད་འཛིན་དང་ཞི་བདེའི་ལས་ཁུངས། ཞི་འཇགས་སུ་གཏོང་བ་སོགས་ཀྱི་གནད་དོན་དེ་དག་ནི་འཚོ་བའི་རྒྱ་མཚོའི་ནང་གི་ཐ་དད་པའི་ཞིབ་ཕྲ་རེ་རེ་དང་གནས་སྟངས་རེ་རེ། དེ་བཞིན་དུ་མི་ཚེའི་སྤྱིའི་རྣམ་པའི་ཐ་དད་པའི་ཆ་ཤས་ཤིག་ཡིན་སྟབས་དེ་དག་གིས་ནམ་ཡང་ཞི་བདེའི་གནད་དོན་དེ་རྩ་བའི་ཆ་ནས་དང་སྤྱི་ཡོངས་དང་མཐའ་མའི་ཆ་ནས་སེལ་ཐུབ་ཀྱི་མ་རེད།

ང་ཚོས་རི་མོ་དེ་ཆ་ཚང་བའི་རྣམ་པའི་སྒོ་ནས་བལྟ་དགོས། འཇིག་རྟེན་གྱི་གནད་དོན་ནི་མི་སྒེར་གྱི་གནད་དོན་རེད། གལ་སྲིད་མི་སྒེར་ལ་ནང་སེམས་སུ་ཞི་བདེ་མེད་ན་སྤྱི་ཚོགས་དང་འཇིག་རྟེན་དེ་མི་འགྱུར་བའི་དམག་འཁྲུག་གི་ནང་དུ་གནས་ངེས་རེད།

སློབ་གྲྭ་དང་མཐོ་སློབ། གཙུག་ལག་སློབ་གྲྭ་ཁག་གི་དགེ་རྒན་དང་དགེ་མའི་རྣམ་པ་ཚོས་གདུག་རྩུབ་དང་དྲག་ཤུགས་ལ་དགའ་ཞེན་མེད་ཚེ་ཞི་བདེའི་ཆེད་དུ་ལས་ཀ་བྱེད་དགོས།

མི་རབས་གསར་བའི་སློབ་མ་རྣམས་ལ་བགྲོད་དགོས་པའི་ལམ་སྟོན་དང་ནང་སེམས་ཀྱི་ལམ་དེ་སྟོན་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། ནང་སེམས་ཀྱི་ལམ་དེ་ཡིས་ང་ཚོའི་སེམས་དྭངས་གཙང་གི་བདེན་པའི་ཞི་བདེའི་ཕྱོགས་སུ་ཏག་ཏག་འཁྲིད་ཐུབ།

མི་རྣམས་ཀྱིས་བདེན་པའི་ནང་སེམས་ཀྱི་ཞི་བདེ་ཟེར་བ་དེ་གང་འདྲ་ཡིན་མིན་ཧ་གོ་ཡི་མེད་ལ། སུས་ཀྱང་རང་གི་ལམ་ཁར་བར་ཆད་མི་གཏོང་བ་དང་རང་ལ་འགོག་རྐྱེན་མི་བྱེད་པ། རང་ལ་སུས་ཀྱང་སུན་པོ་མི་བཟོ་བ་ཞིག་ལ་འདོད་ཀྱི་ཡོད་ལ། རང་ཉིད་ཀྱིས་རང་སྟེང་ནས་འགོག་རྐྱེན་དང་སུན་པོ་བཟོ་བའི་ཐོབ་ཐང་བླངས་ནས་རང་གི་ཁྱིམ་མཚེས་ཚོའི་མི་ཚེ་ལ་བྲོ་བ་མེད་པ་བཟོ་བའི་ཐོབ་ཐང་ཡང་ལེན་གྱི་ཡོད།

མི་རྣམས་ཀྱིས་ནམ་ཡང་བདེན་པའི་ཞི་བདེ་ཉམས་མྱོང་བྱས་མྱོང་མེད་པར་དེའི་ཐོག་ལ་བསམ་ཚུལ་དོན་མེད་དང་རོལ་དབྱངས་ཀྱི་འཁྲུལ་སྣང་། ནོར་འཁྲུལ་ཅན་གྱི་བསམ་བློ་རྣམས་ཡོད་པ་རེད།

རྐུ་འཁྱེར་བྱེད་མཁན་རྣམས་ལ་མཚོན་ན་ཞི་བདེ་ནི་ཉེན་རྟོག་པས་བར་ཆད་མི་གཏོང་བར་ཉེས་མེད་ཀྱི་རྐུ་འཁྱེར་བྱེད་པའི་སྐྱིད་པོ་དེ་རེད། ནག་ཚོང་རྒྱག་མཁན་རྣམས་ལ་མཚོན་ན་ཞི་བདེ་ནི་དབང་འཛིན་པས་བཀག་འགོག་མི་བྱེད་པར་རང་གི་ནག་ཚོང་གང་སར་འཁྱེར་ཆོག་པའི་སྐྱིད་པོ་དེ་རེད། མི་དམངས་ལྟོགས་ཤི་ཐེབས་སུ་འཇུག་མཁན་ཚོས་ཞི་བདེ་ནི་གཞུང་གི་དཔོན་རིགས་ཀྱིས་བཀག་འགོག་མི་བྱེད་པར་ཕྱོགས་གང་སར་བཤུ་གཞོག་བྱས་ནས་རིན་གོང་མཐོ་པོར་ཚོང་ཆོག་པའི་སྐྱིད་པོ་དེ་རེད། སྨད་འཚོང་མ་རྣམས་ལ་མཚོན་ན་ཞི་བདེ་ནི་རང་གི་ཉལ་ཁྲིའི་ཐོག་ཏུ་དགའ་བདེའི་དཔལ་ལ་སྤྱོད་པ་དང་འཕྲོད་བསྟེན་དང་ཉེན་རྟོག་པའི་དབང་འཛིན་པས་རང་གི་མི་ཚེའི་ནང་དུ་ཐེ་གཏོགས་མི་བྱེད་པར་མི་ཚང་མའི་ཐོག་ལ་རང་དབང་ངང་བཤུ་གཞོག་བྱེད་ཆོག་པའི་སྐྱིད་པོ་དེ་རེད།

མི་རེ་ངོ་རེའི་སེམས་ནང་དུ་ཞི་བདེའི་སྐོར་ལ་འཁྲུལ་སྣང་དོན་མེད་འབུམ་ཕྲག་ལོག་གེ་ཡོད་པ་རེད། མི་རེ་ངོ་རེས་ཞི་བདེ་དེ་གང་འདྲ་ཡིན་མིན་གྱི་ཐོག་ལ་རང་གི་མཐའ་འཁོར་དུ་བསམ་བློ་རྫུན་མ་དང་ཡིད་ཆེས། བསམ་ཚུལ་དང་བསམ་བློ་དོན་མེད་ཀྱི་གྱང་ཞིག་བརྩིག་འདོད་ཀྱི་ཡོད།

མི་རེ་ངོ་རེས་རང་ཉིད་ཀྱི་འདོད་པ་དང་དགའ་མོས། གོམས་གཤིས་དང་ནོར་འཁྲུལ་ཅན་གྱི་གོམས་སྲོལ་སོགས་ལ་གཞིགས་པའི་སྒོ་ནས་རང་གི་འདོད་པའི་ཞི་བདེ་དེ་འདོད་ཀྱི་ཡོད། མི་རེ་ངོ་རེས་ནོར་འཁྲུལ་ཅན་གྱི་སྒོ་ནས་བསམ་བློ་བཏང་བའི་རང་གི་ཞི་བདེ་དེ་འཚོ་བ་སྐྱེལ་བའི་ཆེད་དུ་བསམ་བློའི་སྲུང་སྐྱོབ་ཀྱི་གྱང་ཞིག་གི་ནང་དུ་རང་ཉིད་བཅུག་འདོད་ཀྱི་ཡོད།

མི་རྣམས་ཀྱིས་ཞི་བདེའི་ཆེད་དུ་འཐབ་རྩོད་དང་རེ་བ་དང་འདོད་པ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཞི་བདེ་ནི་ག་རེ་ཡིན་མིན་ཤེས་ཀྱི་མ་རེད། མི་རྣམས་ཀྱིས་སུས་ཀྱང་རང་གི་ལས་དོན་ལ་འགོག་རྐྱེན་མི་བྱེད་པ་དང་རང་ཉིད་ཀྱི་ངན་ལས་རྣམས་བདེ་བག་ཕེབས་པའི་ངང་དང་སྟབས་བདེ་པོ་ཡོང་བའི་ཆེད་དུ་སྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ལ་ཞི་བདེ་ཟེར་གྱི་ཡོད།

མི་རྣམས་ཀྱིས་ངན་ལས་ག་རེ་བྱས་མིན་ལ་མ་ལྟོས་པར་མི་རེ་ངོ་རེས་རང་གིས་བྱས་པ་དེ་ཡག་པོ་ཡིན་པར་བསམ་བློ་གཏོང་གི་ཡོད། མི་རྣམས་ཀྱིས་ཉེས་པ་ཆེ་ཤོས་རྣམས་ལ་ཡང་ཁྲིམས་མཐུན་བཟོ་སྲིད་པ་རེད། གལ་སྲིད་ར་བཟི་ཞིག་སྐྱོ་སྣང་སྐྱེས་ན་སྐྱོ་སྣང་སྐྱེས་པའི་རྐྱེན་གྱིས་ཆང་འཐུང་གི་རེད། གལ་སྲིད་ར་བཟི་ཞིག་དགའ་སྣང་སྐྱེས་ན་དགའ་སྣང་སྐྱེས་པའི་རྐྱེན་གྱིས་ཆང་འཐུང་གི་རེད། ར་བཟི་དེས་དུས་རྟག་ཏུ་ཆང་གི་གོམས་གཤིས་དེ་ཁྲིམས་མཐུན་བཟོ་ཡི་རེད། མི་ཚང་མ་དེ་འདྲ་རེད། མི་ཚང་མས་ཉེས་པ་ཚང་མར་ཁྲིམས་མཐུན་བཟོ་ཡི་རེད། སུས་ཀྱང་རང་ཉིད་ངན་པ་ཡིན་པར་བསམ་བློ་གཏོང་གི་མ་རེད། ཚང་མས་རང་ཉིད་དྲང་བདེན་དང་གནས་ལུགས་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་རེད།

མི་ལས་མེད་མང་པོ་ཞིག་གིས་ནོར་འཁྲུལ་ཅན་གྱི་སྒོ་ནས་ཞི་བདེ་ནི་རོལ་དབྱངས་ཀྱི་འཁྲུལ་སྣང་ཡིད་དུ་འོང་བ་ཁེངས་པའི་འཇིག་རྟེན་ཞིག་གི་ནང་དུ་ལས་ཀ་མི་བྱེད་པར་བདེ་བག་ཕེབས་པའི་ངང་དང་དཀའ་ངལ་མེད་པར་འཚོ་བ་སྐྱེལ་ཐུབ་པ་ཞིག་ལ་འདོད་ཀྱི་ཡོད།

ཞི་བདེའི་སྐོར་ལ་བསམ་ཚུལ་དང་ནོར་འཁྲུལ་ཅན་གྱི་བསམ་བློ་ས་ཡ་མང་པོ་ཡོད། ང་ཚོས་འཚོ་བ་སྐྱེལ་བའི་སྡུག་བསྔལ་ཅན་གྱི་འཇིག་རྟེན་འདིའི་ནང་དུ་མི་རེ་ངོ་རེས་རང་གི་འཁྲུལ་སྣང་གི་ཞི་བདེ་དང་བསམ་ཚུལ་གྱི་ཞི་བདེ་འཚོལ་གྱི་རེད། མི་རྣམས་ཀྱིས་རང་གི་ནང་སེམས་སུ་དམག་འཁྲུག་བཟོ་བའི་སེམས་ཁམས་ཀྱི་རྒྱུ་རྐྱེན་ཡོད་ནའང་འཇིག་རྟེན་ནང་དུ་རང་གི་རྨི་ལམ་གྱི་ཞི་བདེ་དང་རང་གི་དམིགས་བསལ་གྱི་རྣམ་པའི་ཞི་བདེ་མཐོང་འདོད་ཀྱི་རེད།

འཛམ་གླིང་གི་དཀའ་ངལ་གྱི་དུས་ཚོད་འདིའི་སྐབས་སུ་མིང་གྲགས་ཐོབ་འདོད་ཡོད་མཁན་ཚང་མས་ཞི་བདེའི་ལས་ཁུངས་གསར་འཛུགས་བྱེད་ཀྱི་ཡོད་པ་དང་དྲིལ་བསྒྲགས་བྱས་ཏེ་ཞི་བདེའི་རྒྱལ་ཁམས་པ་ཞིག་ཏུ་འགྱུར་གྱི་ཡོད། ང་ཚོས་ཆབ་སྲིད་པ་གཡོ་སྒྱུ་ཅན་མང་པོ་ཞིག་གིས་ཞི་བདེའི་ནོར་བུ་བརྙེས་ཡོད་པ་དེ་བརྗེད་མི་རུང་ལ། རང་གི་རྩིས་ཁྲའི་ནང་དུ་དུར་ས་ཁྱོན་ཆེན་པོ་ཡོད་པ་དང་རང་གི་གྲིབ་མ་ཡལ་འགྲོ་རྒྱུའི་ཉེན་ཁ་བྱུང་བའི་སྐབས་སུ་གསང་བའི་སྒོ་ནས་མི་མང་པོ་ཞིག་བསད་དུ་བཅུག་ཡོད་པ་བརྗེད་མི་རུང་།

དེ་བཞིན་དུ་འགྲོ་བ་མིའི་རིགས་ཀྱི་དོན་དུ་རང་གི་མི་ཚེ་བཏང་སྟེ་ང་ཞེས་པ་དེ་མེད་པར་བཟོ་བའི་ཆོས་ལུགས་འཛམ་གླིང་གི་ས་གནས་ཚང་མའི་ནང་སློབ་ཁྲིད་བྱེད་མཁན་གྱི་བླ་མ་བདེན་པ་རྣམས་ཀྱང་ཡོད། བླ་མ་དེ་ཚོས་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་ཤེས་ཀྱི་ཡོད་པ་ནི་ང་ཚོའི་ནང་དུ་ཡོད་པའི་མེ་ཕི་སི་ཊོ་ཕེ་ལི་སི་ཞེས་པ་དེ་མེད་པར་བཟོས་ཚེ་ད་གཟོད་སེམས་ཀྱི་ཞི་བདེ་ང་ཚོའི་སར་འབྱུང་ངེས་རེད།

མི་རེ་ངོ་རེའི་ནང་དུ་སྡང་ཟུག་དང་འདོད་རྔམས། ཕྲག་དོག་དང་ཞེ་སྡང་། རྒྱུ་ནོར་གསོག་འཇོག་གི་བསམ་བློ་དང་འདོད་པ་ཆེན་པོ། ཁོང་ཁྲོ་དང་ང་རྒྱལ་སོགས་ཡོད་ཚེ་མི་འགྱུར་བའི་དམག་འཁྲུག་འབྱུང་ངེས་རེད།

ང་ཚོས་འཇིག་རྟེན་ནང་དུ་ཞི་བདེ་བརྙེས་ཡོད་པའི་ཁྱབ་བསྒྲགས་བྱེད་མཁན་གྱི་མི་མང་པོ་ཞིག་ངོ་ཤེས་ཀྱི་ཡོད། ང་ཚོས་མི་དེ་ཚོ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱས་ཚེ་མི་དེ་ཚོས་ཞི་བདེ་ཉེ་བའི་ས་ནས་ཀྱང་ངོ་ཤེས་ཀྱི་མེད་ལ། མི་དེ་ཚོ་སྡུག་བསྔལ་གསོ་བའི་གོམས་གཤིས་ཁེར་རྐྱང་ཞིག་གི་ནང་དུ་བཙུད་ཡོད་པ་དང་ཡང་ན་དམིགས་བསལ་གྱི་ཡིད་ཆེས་སོགས་ཀྱི་ནང་དུ་བཙུད་ཡོད་པ་ཤེས་རྟོགས་ཐུབ་ཀྱི་རེད། འོན་ཀྱང་དོན་དངོས་སུ་མི་དེ་ཚོས་སེམས་དྭངས་གཙང་གི་བདེན་པའི་ཞི་བདེ་ཉམས་མྱོང་བྱས་མྱོང་མེད། དོན་དངོས་སུ་མི་དེ་ཚོས་རང་གི་མ་རིག་པའི་ནང་དུ་སེམས་ཀྱི་བདེན་པའི་ཞི་བདེ་ཡིན་པར་ནོར་འཁྲུལ་བཏང་བའི་བཅོས་མའི་ཞི་བདེ་ཞིག་བཟོས་ཡོད་པ་རེད།

ང་ཚོའི་འཛེམ་སྣང་དང་ཡིད་ཆེས། སྔོན་འགྲོའི་བསམ་ཚུལ་དང་འདོད་པ། གོམས་གཤིས་སོགས་ཀྱི་ནོར་འཁྲུལ་ཅན་གྱི་གྱང་གི་ནང་དུ་ཞི་བདེ་འཚོལ་བ་ནི་དོན་མེད་རེད།

བསམ་པའི་ནང་དུ་འཁོན་འཛིན་དང་འགལ་འདུ། གནད་དོན་དང་དམག་འཁྲུག་བཟོ་བའི་སེམས་ཁམས་ཀྱི་རྒྱུ་རྐྱེན་རྣམས་ཡོད་ཚེ་བདེན་པའི་ཞི་བདེ་ཡོང་གི་མ་རེད།

བདེན་པའི་ཞི་བདེ་ནི་བློ་གྲོས་ཀྱི་སྒོ་ནས་ཧ་གོ་བའི་ཁྲིམས་མཐུན་གྱི་མཛེས་སྡུག་ལས་འབྱུང་གི་རེད།

སེམས་དྭངས་གཙང་གི་མཛེས་སྡུག་གིས་བདེན་པའི་ནང་སེམས་ཀྱི་ཞི་བདེའི་དྲི་ཞིམ་འཐུལ་གྱི་རེད།

མཛའ་བརྩེའི་མཛེས་སྡུག་དང་གུས་ཞབས་ཀྱི་དྲི་ཞིམ་རྟོགས་པ་ནི་ཧ་ཅང་གལ་ཆེ།

སྐད་ཆའི་མཛེས་སྡུག་རྟོགས་པ་ནི་ཧ་ཅང་གལ་ཆེ། ང་ཚོའི་ཚིག་རྣམས་ཀྱི་ནང་དུ་བདེན་པའི་རང་བཞིན་འཁྱེར་དགོས། ང་ཚོས་ནམ་ཡང་འགྲོས་མི་མཉམ་པ་དང་མི་མཐུན་པ། རྩུབ་པོ་དང་དོན་མེད་ཀྱི་ཚིག་བེད་སྤྱོད་གཏོང་མི་རུང་།

ཚིག་རེ་རེ་བཞིན་གྱི་དངོས་འབྲེལ་གྱི་རོལ་མོ་ཞིག་ཏུ་འགྱུར་དགོས་ལ། ཚིག་གྲུབ་རེ་རེ་བཞིན་དབང་བསྒྱུར་གྱི་མཛེས་སྡུག་གིས་ཁེངས་དགོས། ཁ་བརྡ་བྱེད་དགོས་པའི་སྐབས་སུ་ཁ་བརྡ་མི་བྱེད་པ་དང་ཁ་བརྡ་བྱེད་མི་དགོས་པའི་སྐབས་སུ་ཁ་བརྡ་བྱེད་པ་ནི་ཧ་ཅང་ཐབས་སྡུག་རེད། ཉེས་ཅན་གྱི་ཁ་རོག་དང་ཚིག་ངན་ཡང་ཡོད་པ་རེད།

སྐབས་འགར་ཁ་བརྡ་བྱེད་པ་ནི་ཉེས་པ་ཞིག་རེད། སྐབས་འགར་ཁ་རོག་ཏུ་སྡོད་པ་དེ་ཡང་ཉེས་པ་ཞིག་རེད། ང་ཚོས་ཁ་བརྡ་བྱེད་དགོས་དུས་ཁ་བརྡ་བྱེད་དགོས་ལ། ཁ་རོག་ཏུ་སྡོད་དགོས་དུས་ཁ་རོག་ཏུ་སྡོད་དགོས།

ཚིག་གི་ཐོག་ཏུ་རྩེད་མོ་རྩེ་མི་རུང་། རྒྱུ་མཚན་ནི་ཚིག་གི་འགན་འཁྲི་ནི་ཧ་ཅང་ལྕི་བ་ཞིག་རེད།

ཚིག་རེ་རེ་བཞིན་འདོན་པའི་སྔོན་དུ་དོ་སྣང་བྱེད་དགོས། རྒྱུ་མཚན་ནི་ཚིག་རེ་རེ་བཞིན་གྱིས་འཇིག་རྟེན་ནང་དུ་ཕན་ཐོགས་ཡོད་པ་དང་མེད་པ། ཕན་དང་གནོད་ཆེ་ཤོས་བཟོ་ཐུབ་པའི་རྐྱེན་གྱིས་རེད།

ང་ཚོས་རང་གི་ལག་བརྡ་དང་གྱོན་ཆས། བྱ་སྤྱོད་སོགས་ཚང་མར་དོ་སྣང་བྱེད་དགོས། ང་ཚོའི་ལག་བརྡ་དང་གྱོན་གོས་ནི་ཅོག་ཙེའི་ཐོག་ཏུ་ཇི་ལྟར་འདུག་དགོས་པ་དང་ཟ་བའི་སྐབས་སུ་ཇི་ལྟར་སྤྱོད་དགོས་པ། ཚོམས་ཆེན་དང་ལས་ཁུངས། སྲང་ལམ་སོགས་ཀྱི་ནང་དུ་མི་རྣམས་ལ་ཇི་ལྟར་ལྟ་རྟོག་བྱེད་དགོས་པ་དེ་ཚོ་དུས་རྟག་ཏུ་མཛེས་སྡུག་དང་འཆམ་མཐུན་གྱིས་ཁེངས་དགོས།

བཟང་པོའི་མཛེས་སྡུག་རྟོགས་པ་དང་རོལ་མོའི་མཛེས་སྡུག་ཚོར་བ། བཟོ་སྐྲུན་གྱི་སྒྱུ་རྩལ་གྱི་མཛེས་སྡུག་ལ་དགའ་ཞེན་དང་བསམ་བློ་གཏོང་སྟངས། ཚོར་སྣང་དང་བྱ་སྤྱོད་ལ་ཡང་བསྐྱར་ཞིབ་བཤེར་བྱེད་པ་ནི་ཧ་ཅང་གལ་ཆེ།

མཐོ་ཤོས་ཀྱི་མཛེས་སྡུག་ནི་“ང་“ཞེས་པ་དེ་རྩ་བ་ནས་དང་སྤྱི་ཡོངས་དང་མཐའ་མའི་ཆ་ནས་འཆི་བའི་སྐབས་སུ་ད་གཟོད་ང་ཚོའི་ནང་དུ་སྐྱེ་སྲིད།

ང་ཚོའི་ནང་དུ་སེམས་ཁམས་ཀྱི་ང་ཞེས་པ་དེ་གསོན་པོར་ཡོད་ཚེ་ང་ཚོ་ནི་མི་སྡུག་པ་དང་འཇིགས་སུ་རུང་བ། ཞེན་ལོག་སྐྱེ་བ་ཞིག་ཡིན་པ་རེད། ང་ཚོའི་ནང་དུ་“ང་“ཞེས་པ་མང་དུ་འཕེལ་བའི་སྐབས་སུ་ཆ་ཚང་བའི་རྣམ་པའི་མཛེས་སྡུག་དེ་ཡོང་མི་སྲིད།

གལ་སྲིད་ང་ཚོས་བདེན་པའི་ཞི་བདེ་འདོད་ན་ང་ཞེས་པ་དེ་ནམ་མཁའི་རྡུལ་དུ་བསྒྱུར་དགོས། དེ་འདྲ་བྱས་ན་ད་གཟོད་ང་ཚོའི་ནང་དུ་ནང་སེམས་ཀྱི་མཛེས་སྡུག་ཡོང་གི་རེད། མཛེས་སྡུག་དེ་ལས་ང་ཚོའི་ནང་དུ་བྱམས་བརྩེའི་བཀྲག་མདངས་དང་སེམས་ཀྱི་བདེན་པའི་ཞི་བདེ་འབྱུང་ངེས་རེད།

གསར་བསྐྲུན་གྱི་ཞི་བདེས་རང་ཉིད་ཀྱི་ནང་དུ་སྒྲིག་ལམ་བཟོ་བ་དང་འཁྲུག་ཤིང་མེད་པར་བཟོས་ནས་ང་ཚོ་ཁྲིམས་མཐུན་གྱི་དགའ་སྐྱིད་ཀྱིས་ཁེངས་སུ་འཇུག་གི་རེད།

བསམ་པས་བདེན་པའི་ཞི་བདེ་ཟེར་བ་དེ་གང་འདྲ་ཡིན་མིན་ཧ་གོ་ཡི་མེད་པ་ཤེས་དགོས། ང་ཚོས་སེམས་དྭངས་གཙང་གི་ཞི་བདེ་ནི་འབད་བརྩོན་དང་ཡང་ན་ཞི་བདེའི་དྲིལ་བསྒྲགས་བྱེད་པའི་ཆེད་དུ་བཙུགས་པའི་སྡེ་ཚན་དང་ལས་ཁུངས་ཤིག་གི་ཁོངས་མི་ཡིན་པའི་རྐྱེན་གྱིས་ང་ཚོའི་སར་འབྱུང་གི་མེད་པ་ཧ་གོ་དགོས།

བདེན་པའི་ཞི་བདེ་ནི་བསམ་པ་དང་སེམས་གཉིས་ཀྱི་ནང་དུ་ནག་མེད་དྭངས་གཙང་གི་རང་བཞིན་བསྐྱར་དུ་ཐོབ་པའི་སྐབས་སུ་དང་བྱིས་པ་ཞིག་དང་འདྲ་བར་ཡིད་དུ་འོང་བ་དང་མཛེས་སྡུག་ལྡན་པ། ཡག་པ་དང་མི་ཡག་པ། བཟང་པོ་དང་ངན་པ། མངར་མོ་དང་ཁ་བ་ལ་ཚོར་བ་སྐྱེས་པའི་སྐབས་སུ་རང་བཞིན་དང་སྟབས་བདེ་པོའི་ངང་ང་ཚོའི་སར་འབྱུང་གི་རེད།

བསམ་པ་དང་སེམས་གཉིས་ཀྱི་ནང་དུ་བརླག་ཟིན་པའི་བྱིས་དུས་བསྐྱར་དུ་བརྙེད་དགོས།

ཞི་བདེ་ནི་རྒྱ་ཆེ་ལ་ཟབ་པའི་མཐའ་མེད་ཅིག་རེད། དེ་ནི་བསམ་པས་བཟོས་པ་ཞིག་མ་ཡིན་ལ། བསམ་པ་ནི་རེ་འདུན་ཞིག་གི་མཇུག་འབྲས་དང་ཡང་ན་བསམ་བློ་ཞིག་གི་ཐོན་སྐྱེད་མིན་སྲིད། ཞི་བདེ་ནི་བཟང་ངན་གཉིས་ཀྱི་འདས་ཕྱོགས་སུ་གནས་པའི་རྡུལ་ཕྲན་གྱི་རང་བཞིན་ཞིག་དང་ཁྲིམས་ལུགས་ཡོངས་རྫོགས་ཀྱི་འདས་ཕྱོགས་སུ་གནས་པའི་རང་བཞིན་ཞིག །རང་བཞིན་དེ་ནི་མཐའ་མེད་ཀྱི་ནང་ཁོག་ནས་འབྱུང་བའི་རང་བཞིན་ཞིག་རེད།