ནང་དོན་དུ་མཆོང་

ག་རེ་བསམ་དགོས། ཇི་ལྟར་བསམ་དགོས།

ང་ཚོའི་ཁྱིམ་དང་སློབ་གྲྭ་གཉིས་ཀར། ཕ་མ་དང་དགེ་རྒན་ཚོས་ང་ཚོར་ག་རེ་བསམ་དགོས་མིན་ནི་རྒྱུན་དུ་བཤད་ཀྱི་ཡོད་རུང་། ནམ་ཡང་ང་ཚོར་ཇི་ལྟར་བསམ་བློ་གཏོང་དགོས་མིན་སློབ་ཀྱི་མ་རེད།

ག་རེ་བསམ་དགོས་མིན་ཤེས་པ་ནི་ཅུང་ཙམ་སླ་པོ་ཡོད། ང་ཚོའི་ཕ་མ་དང་། དགེ་རྒན། སློབ་སྟོན་པ། དཔེ་དེབ་རྩོམ་པ་པོ་སོགས་ཚང་མ་རང་རང་གི་ལམ་ནས་བཙན་དབང་སྲིད་འཛིན་པ་རེ་རེད། ཚང་མས་ང་ཚོས་ཁོ་ཚོའི་བཙན་བཀའ་དང་། བླང་དོར། གཞུང་ལུགས། སྔོན་འཛིན་ལྟ་ཚུལ་སོགས་ལ་བསམ་བློ་གཏོང་འདོད་ཡོད།

བསམ་པའི་བཙན་དབང་སྲིད་འཛིན་པ་ནི་རྩྭ་ངན་བཞིན་དུ་མང་པོ་ཡོད། གཞན་གྱི་བསམ་པ་བྲན་དུ་བཀོལ་བ་དང་། བསམ་པ་བཅུམ་པ། བསམ་པ་ངེས་ཅན་གྱི་སྒྲིག་གཞི་དང་། སྔོན་འཛིན་ལྟ་ཚུལ། སློབ་གྲྭ་སོགས་ཀྱི་ནང་དུ་འཚོ་བཅུག་འདོད་པའི་འཁྱོག་བཤད་ཀྱི་འདུན་པ་ཞིག་གང་སར་ཡོད།

བསམ་པའི་བཙན་དབང་སྲིད་འཛིན་པ་ས་ཡ་དང་བྱེ་བ་མང་པོ་ཞིག་གིས་ནམ་ཡང་སུ་གང་གི་བསམ་པའི་རང་དབང་ལ་གུས་བརྩི་བྱེད་འདོད་མེད། གལ་སྲིད་སུ་ཞིག་ཁོ་ཚོ་དང་འདྲ་བའི་བསམ་བློ་མ་བཏང་ན། དེ་ནི་ངན་པ། ཕྱིར་ལོག་པ། མི་ཤེས་པ་སོགས་སུ་ངོས་འཛིན་བྱེད་ཀྱི་རེད།

ཚང་མས་ཚང་མ་བྲན་དུ་བཀོལ་འདོད་ཡོད་ལ། ཚང་མས་གཞན་དག་གི་ཤེས་རིག་གི་རང་དབང་ལ་རྡོག་རྫིས་གཏོང་འདོད་ཡོད། སུ་གཅིག་གིས་ཀྱང་གཞན་གྱི་བསམ་པའི་རང་དབང་ལ་གུས་བརྩི་བྱེད་འདོད་མེད། ཚང་མས་རང་ཉིད་བློ་དང་ལྡན་པ། མཁས་པ། ངོ་མཚར་ཅན་ཞིག་ཏུ་ཚོར་གྱི་ཡོད་ལ། ངང་གིས་གཞན་དག་རང་དང་འདྲ་བོ་ཡོང་བ་དང་། རང་ཉིད་དཔེ་བཞག་སྟེ་རང་དང་འདྲ་བའི་བསམ་བློ་གཏོང་དགོས་པར་འདོད་ཀྱི་རེད།

བསམ་པ་ལ་དབང་སྒྱུར་མང་དྲགས་བྱས་ཡོད། ཚོང་པ་དང་། ཚོང་ལས་ཁྱབ་བསྒྲགས་དུས་ཚགས་དང་། རླུང་འཕྲིན། བརྙན་འཕྲིན་སོགས་ནས་བྱེད་སྟངས་ལ་བལྟོས་དང་། ཚོང་ལས་ཁྱབ་བསྒྲགས་ནི་བཙན་དབང་སྲིད་འཛིན་གྱི་རྣམ་པས་བྱེད་ཀྱི་ཡོད། ཁྱེད་ཀྱིས་འདི་དང་འདི་འདྲ་བའི་རྡོ་སྣུམ་ཉོ། འདི་དང་འདི་འདྲ་བའི་ལྷམ་ཉོ། འདི་ཙམ་གྱི་རིན་པ་རེད། ཨ་སྒོར་འདི་ཙམ་རེད། ད་ལྟ་ཉོ། མྱུར་མྱུར་བྱས་ནས་ཉོ། སང་ཉིན་བར་དུ་འཇོག་མ་བྱེད། མྱུར་དུ་ཉོ་དགོས། མ་གཏོགས་ཁྱེད་ཀྱིས་བཀའ་མ་བརྩིས་ན་ང་ཚོས་ཁྱེད་བཙོན་ཁང་དུ་འཇུག་གི་ཡིན་ཟེར་བ་དང་། ཡང་ན་ཁྱེད་ལ་མི་གསོད་གཏོང་གི་ཡིན་ཟེར་བ་ཁོ་ན་མ་གཏོགས།

ཕ་མས་བུ་ཕྲུག་ལ་བསམ་བློ་ཤུགས་ཀྱིས་བཙན་འཇུག་བྱེད་འདོད་ཡོད་ལ། སློབ་གྲྭའི་དགེ་རྒན་གྱིས་བུ་དང་བུ་མོ་གཉིས་ཀས་དགེ་རྒན་གྱི་བསམ་བློ་བཙན་དབང་སྲིད་འཛིན་གྱི་རྣམ་པས་མ་བླངས་ཚེ། ཁོང་ཁྲོ་ལངས་པ་དང་། ཉེས་ཆད་གཅོད་པ། སྐར་གྲངས་དམའ་པོ་སྤྲོད་ཀྱི་རེད།

མི་ཕྱེད་ཀས་མི་ཕྱེད་ཀའི་བསམ་པ་བྲན་དུ་བཀོལ་འདོད་ཡོད། གཞན་དག་གི་བསམ་པ་བྲན་དུ་བཀོལ་འདོད་པའི་འདུན་པ་དེ་ང་ཚོས་ལོ་རྒྱུས་ནག་པོའི་ཤོག་ལྷེ་ལ་སློབ་སྦྱོང་བྱེད་དུས་མིག་ལ་མངོན་གསལ་དོད་པོ་མཐོང་ཐུབ།

གང་སར་མི་དམངས་བྲན་དུ་བཀོལ་རྒྱུར་བརྩོན་པའི་ཁྲག་སིམ་སིམ་གྱི་བཙན་དབང་སྲིད་འཛིན་པ་ཡོད་ལ་ད་ལྟའང་ཡོད། མི་དམངས་ཀྱིས་ག་རེ་བསམ་དགོས་མིན་བཙན་འགེལ་བྱེད་པའི་ཁྲག་སིམ་སིམ་གྱི་བཙན་དབང་སྲིད་འཛིན་པ། བསམ་བློ་རང་དབང་གཏོང་འདོད་བྱེད་མཁན་དེའི་སྐྱིད་སྡུག་ལ་བལྟོས་དང། དེ་ནི་མི་འགྱངས་པར་བཙོན་སྒར་དང་། སི་པི་རི་ཡ། བཙོན་ཁང་། ལས་ཀ་བཙན་བཀོལ། གཤོག་གཅོད། མེ་མདའ་རྒྱག་པ། ཕྱིར་འབུད་གཏོང་བ་སོགས་ལ་འགྲོ་གི་རེད།

དགེ་རྒན་དང་དགེ་རྒན་མ། ཕ་མ་ཚང་མས་ཇི་ལྟར་བསམ་བློ་གཏོང་དགོས་མིན་སློབ་འདོད་མེད།

མི་རྣམས་ཀྱིས་གཞན་ལ་རང་ཉིད་ཀྱིས་ཇི་ལྟར་དགོས་བསམ་པ་ལྟར་བསམ་བློ་གཏོང་དགོས་པའི་བཙན་བཀའ་གཏོང་རྒྱུར་དགའ་ཞིང་། དེའི་ནང་ཚང་མ་རང་རང་གི་ལམ་ནས་བཙན་དབང་སྲིད་འཛིན་པ་རེ་ཡིན་པ་གསལ་པོ་རེད། ཚང་མས་རང་ཉིད་མཐའ་མའི་ཐག་གཅོད་བྱེད་མཁན་དུ་བསམ་གྱི་ཡོད་ལ། ཚང་མས་གཞན་དག་ཚང་མས་རང་དང་འདྲ་བའི་བསམ་བློ་གཏོང་དགོས་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་རེད། གང་ཡིན་ཟེར་ན། ཁོ་ནི་ཡག་ཤོས་ནང་གི་ཡག་ཤོས་ཡིན་པས་རེད།

ཕ་མ་དང་། དགེ་རྒན། སྦྱིན་བདག་སོགས་ཚང་མས་འོག་འོག་གི་མི་ལ་བཤེ་གཤེ་གཏོང་གི་ཡོད།

མི་རྣམས་ཀྱིས་གཞན་ལ་གུས་བརྩི་མི་བྱེད་པའི་འཇིགས་སུ་རུང་བའི་འདུན་པ་དེ་ཧ་ཅང་སྐྲག་སྣང་སྐྱེ་འོས་ཤིང་། གཞན་གྱི་བསམ་པར་རྡོག་རྫིས་གཏོང་བ། ཁྲ་རིང་དུ་འཇུག་པ། བཙོན་དུ་འཇུག་པ། བྲན་དུ་བཀོལ་བ། བསམ་པ་ལྕགས་སྒྲོག་རྒྱག་པ་སོགས་ནི་ཧ་ཅང་སྐྲག་སྣང་སྐྱེ་འོས་པ་ཞིག་རེད།

སྐྱེས་པས་བུད་མེད་ཀྱི་མགོ་ལ་རང་གི་བསམ་བློ་དང་། རང་གི་ཆོས་ལུགས། རང་གི་བསམ་ཚུལ་སོགས་ཤུགས་ཀྱིས་བཙན་འཇུག་བྱེད་འདོད་ཡོད་ལ། བུད་མེད་ཀྱིས་ཀྱང་དེ་དང་འདྲ་བ་བྱེད་འདོད་ཡོད། ཐེངས་མང་པོར་བཟའ་ཚང་གཉིས་བསམ་བློ་མི་མཐུན་པས་ཁ་བྲལ་གྱི་རེད། བཟའ་ཟླ་གཉིས་ཀྱིས་གཞན་གྱི་ཤེས་རིག་གི་རང་དབང་ལ་གུས་བརྩི་བྱེད་དགོས་པའི་དགོས་མཁོ་དེ་ཧ་གོ་འདོད་མེད།

བཟའ་ཟླ་སུ་ལའང་གཞན་གྱི་བཟའ་ཟླའི་བསམ་པ་བྲན་དུ་བཀོལ་བའི་ཐོབ་ཐང་མེད། དོན་དངོས་སུ་ཚང་མ་གུས་བཀུར་འོས་པ་རེད། ཚང་མར་རང་ཉིད་ཀྱིས་འདོད་པ་ལྟར་བསམ་བློ་གཏོང་བ་དང་། རང་ཉིད་ཀྱི་ཆོས་ལུགས་འཛིན་པ། རང་ཉིད་ཀྱིས་འདོད་པའི་ཆབ་སྲིད་ཚོགས་པར་འཛུལ་ཞུགས་བྱེད་པའི་ཐོབ་ཐང་ཡོད།

སློབ་གྲྭའི་བྱིས་པ་ཚང་མས་དེ་དང་དེ་འདྲ་བའི་བསམ་བློར་ཤུགས་ཀྱིས་བསམ་བློ་གཏོང་དགོས་པའི་བཙན་བཀའ་གཏོང་གི་ཡོད་རུང་། ཁོ་ཚོར་བསམ་པ་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་སློབ་ཀྱི་མེད། བྱིས་པའི་བསམ་པ་ནི་འཇམ་ཞིང་ལེབ་ལེབ་ཡིན་ལ། རྒན་པོ་ཚོའི་བསམ་པ་ནི་ད་ལྟ་རྡོ་བཞིན་དུ་སྲ་ཞིང་གཏན་འཇགས་ཡིན་པས། འདྲ་འབག་ནང་དུ་བླུགས་པའི་འཇིམ་པ་དང་འདྲ་བར་བརྗེ་བ་དང་བརྗེ་བ་བྱེད་ཐུབ་ཀྱི་མ་རེད། བྱིས་པ་དང་གཞོན་ནུ་ཚོའི་བསམ་པ་ནི་བརྗེ་བསྒྱུར་མང་པོ་ཞིག་ལ་སླ་བོ་ཡིན་པས་བརྗེ་བ་བྱེད་ཐུབ།

བྱིས་པ་དང་གཞོན་ནུ་ཚོར་ཇི་ལྟར་བསམ་བློ་གཏོང་དགོས་མིན་སློབ་ཐུབ། རྒན་པོ་ཚོར་ཇི་ལྟར་བསམ་བློ་གཏོང་དགོས་མིན་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་དཀའ་མོ་རེད། གང་ཡིན་ཟེར་ན། ཁོ་ཚོ་ནི་ཡོད་མུས་ལྟར་དུ་ཡོད་པས་དེ་ལྟར་འཆི་གི་རེད། ཚེ་སྲོག་གི་ནང་དུ་རྒན་པོ་ཞིག་གིས་རྩ་བ་ནས་བརྗེ་བ་བྱེད་འདོད་ཡོད་པ་ཧ་ཅང་དཀོན་པོ་རེད།

མི་རྣམས་ཀྱི་བསམ་པ་ནི་བྱིས་པའི་དུས་ནས་དབྱིབས་བསྒྱུར་གཏོང་གི་རེད། དེ་ནི་ཕ་མ་དང་སློབ་གྲྭའི་དགེ་རྒན་གྱིས་བྱེད་འདོད་པ་དེ་རེད། ཁོ་ཚོས་བྱིས་པ་དང་གཞོན་ནུ་ཚོའི་བསམ་པར་དབྱིབས་བསྒྱུར་གཏོང་རྒྱུར་དགའ་པོ་ཡོད། འདྲ་འབག་ནང་དུ་བླུགས་པའི་བསམ་པ་ནི་དོན་དངོས་སུ་གོམས་འདྲིས་བཟོས་པ་ཞིག་སྟེ། བྲན་དུ་བཀོལ་བའི་བསམ་པ་ཞིག་རེད།

སློབ་གྲྭའི་དགེ་རྒན་དང་དགེ་རྒན་མས་བསམ་པའི་ལྕགས་སྒྲོག་དེ་གཏོར་དགོས། དགེ་རྒན་ཚོས་བྱིས་པ་ཚོའི་བསམ་པ་དོན་དངོས་ཀྱི་རང་དབང་ལ་ཁྲིད་རྒྱུ་ཤེས་དགོས་ཤིང་། དེ་ལྟར་བྱས་ཚེ་བྲན་དུ་བཀོལ་བཅུག་མི་ཡོང་། དགེ་རྒན་ཚོས་སློབ་མ་ཚོར་ཇི་ལྟར་བསམ་བློ་གཏོང་དགོས་མིན་སློབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།

དགེ་རྒན་ཚོས་སློབ་མ་ཚོར་དབྱེ་ཞིབ་དང་། བསམ་གཏན། གོ་བ་ལེན་པའི་ལམ་སྟོན་པའི་དགོས་མཁོ་དེ་རྟོགས་དགོས། གོ་བ་ལེན་མཁན་སུ་ཞིག་གིས་ཀྱང་ནམ་ཡང་བློ་ཐག་ཆོད་པའི་རྣམ་པས་ཅི་ཞིག་དང་ལེན་བྱེད་མི་རུང་། དང་པོ་ངེས་པར་དུ་ཞིབ་འཇུག་བྱེད་དགོས། དང་ལེན་མ་བྱས་པའི་སྔོན་དུ་གོ་བ་ལེན་པ་དང་འདྲི་རྩད་བྱེད་དགོས།

ཚིག་གཞན་པའི་ནང་དུ་བཤད་ན། དང་ལེན་བྱེད་དགོས་པའི་དགོས་མཁོ་མེད་ལ། དེའི་ཚབ་ཏུ་ཞིབ་འཇུག་དང་། དབྱེ་ཞིབ། བསམ་གཏན་དང་གོ་བ་ལེན་དགོས། གོ་བ་ཆ་ཚང་ལེན་དུས་དང་ལེན་བྱེད་མི་དགོས།

ང་ཚོས་སློབ་གྲྭ་ཐོན་དུས་བསམ་བློ་གཏོང་མི་ཤེས་ཚེ་མགོ་བོར་ཤེས་རིག་གི་གནས་ཚུལ་བླུགས་ནས་ཅི་ཕན། ང་ཚོ་མུ་མཐུད་ནས་འཕྲུལ་འཁོར་བཞིན་འཚོ་བ་དང་། འཕྲུལ་འཁོར་ལྟར་དུ་ང་ཚོའི་ཕ་དང་། རྒན་རྒོན། ཡང་རྒན་སོགས་ཀྱི་ཉིན་རེའི་བྱ་བ་གཅིག་མཚུངས་ཡང་ཟློས་བྱས་ནས་འགྲོ་གི་རེད། ནམ་ཡང་གཅིག་མཚུངས་ཡང་ཟློས་དང་འཕྲུལ་འཁོར་གྱི་འཚོ་བ་འཚོ་བ་དང་། ཁྱིམ་ནས་ལས་ཁུངས་དང་ལས་ཁུངས་ནས་ཁྱིམ་དུ་འགྲོ་བ་དང་། གཉེན་སྒྲིག་བྱས་ནས་ཕྲུ་གུ་བཟོ་བའི་འཕྲུལ་འཁོར་དུ་འགྱུར་བ་ནི་འཚོ་བ་མིན་ལ། གལ་སྲིད་ང་ཚོས་དེའི་ཆེད་དུ་སློབ་སྦྱོང་བྱེད་པ་དང་། དེའི་ཆེད་དུ་ང་ཚོ་ལོ་བཅུ་དང་བཅོ་ལྔའི་རིང་ལ་སློབ་གྲྭ་དང་མཐོ་སློབ་སོགས་ལ་འགྲོ་གི་ཡོད་ན། སློབ་སྦྱོང་མ་བྱས་ན་དགའ།

མ་ཧ་ཏ་མ་གན་དྷི་ནི་ཁྱད་མཚར་པའི་མི་ཞིག་རེད། ཐེངས་མང་པོར་ཡེ་ཤུའི་ཆོས་དཔོན་པོ་ཁོང་གི་སྒོ་རྩར་ཆུ་ཚོད་མང་པོར་བསྡད་དེ་ཁོང་ཁི་རི་སི་ཐན་གྱི་ཆོས་ལུགས་སུ་བསྒྱུར་བར་འབད་བརྩོན་བྱས་པ་རེད། གྷན་དྷི་ཡིས་ཆོས་དཔོན་པོའི་སློབ་སྟོན་དང་ལེན་བྱས་མ་སོང་ལ། དེ་བཞིན་དུ་དེ་བཀག་འགོག་ཀྱང་བྱས་མེད། ཁོང་གིས་དེ་ལ་གོ་བ་བླངས་ཤིང་། དེ་ལ་གུས་བརྩི་བྱས་པ་ཙམ་རེད། ཐེངས་མང་པོར་མ་ཧ་ཏ་མས་བཤད་རྒྱུར། “ང་ནི་བྷར་ཧ་མན་དང་། ཡ་ཧུ་ད། ཁི་རི་སི་ཐན། མ་ཧ་མེ་ཌན་སོགས་ཡིན། མ་ཧ་ཏ་མས་ཆོས་ལུགས་ཚང་མ་དགོས་མཁོ་ཡོད་པ་ཤེས་ཀྱི་ཡོད་ལ། གང་ཡིན་ཟེར་ན། ཆོས་ལུགས་ཚང་མས་རྟག་བརྟན་གྱི་རིན་ཐང་གཅིག་མཚུངས་ཉར་ཚགས་བྱེད་ཀྱི་རེད།

བསམ་བློ་གང་རུང་ཞིག་དང་ལེན་བྱེད་པ་དང་བཀག་འགོག་བྱེད་པ་ནི་བསམ་པའི་སྨིན་སྟོབས་མེད་པ་མཚོན་གྱི་རེད། ང་ཚོས་ཅི་ཞིག་བཀག་འགོག་བྱེད་པ་དང་ཡང་ན་དང་ལེན་བྱེད་དུས། དེ་ནི་ང་ཚོས་དེ་ལ་གོ་བ་མ་བླངས་པས་རེད། གོ་བ་ལེན་པ་ཡོད་སར་དང་ལེན་བྱེད་པ་དང་བཀག་འགོག་བྱེད་པ་ནི་དགོས་མཁོ་མེད་པ་རེད།

ཡིད་ཆེས་བྱེད་པའི་བསམ་པ་དང་། ཡིད་ཆེས་མི་བྱེད་པའི་བསམ་པ། དོགས་པ་ཟ་བའི་བསམ་པ་ནི་མི་ཤེས་པའི་བསམ་པ་རེད། མཁས་པའི་ལམ་ནི་ཡིད་ཆེས་བྱེད་པ་དང་ཡང་ན་མི་བྱེད་པ། དོགས་པ་ཟ་བ་བཅས་མ་རེད། མཁས་པའི་ལམ་ནི་འདྲི་རྩད་དང་། དབྱེ་ཞིབ། བསམ་གཏན་དང་ཉམས་ལེན་བྱེད་པ་རེད།

བདེན་པ་ནི་དུས་སྐབས་རེ་རེའི་ནང་དུ་མ་ཤེས་པའི་དངོས་པོ་རེད། བདེན་པར་སུ་ཞིག་ཡིད་ཆེས་བྱེད་པ་དང་ཡང་ན་མ་བྱེད་པ་དེ་དང་འབྲེལ་བ་གང་ཡང་མེད། ཐེ་ཚོམ་ཟ་བ་དང་ཡང་འབྲེལ་བ་མེད། བདེན་པ་ནི་ཅི་ཞིག་དང་ལེན་དང་ཡང་ན་བཀག་འགོག་བྱེད་པའི་གནད་དོན་ཞིག་མ་ཡིན་པར། བདེན་པ་ནི་ཉམས་སུ་མྱོང་བ་དང་། མྱོང་ཚོར་བྱེད་པ། གོ་བ་ལེན་པའི་གནད་དོན་ཞིག་རེད།

དགེ་རྒན་ཚང་མའི་འབད་བརྩོན་ནི་མཐའ་མཇུག་ཏུ་སློབ་མ་ཚོར་དོན་དངོས་དང་བདེན་པའི་ཉམས་མྱོང་དུ་ཁྲིད་དགོས།

དགེ་རྒན་ཚོས་བྱིས་པའི་འཇམ་ཞིང་ལེབ་ལེབ་ཀྱི་བསམ་པ་ལ་དབྱིབས་བསྒྱུར་གཏོང་བའི་དམིགས་ཡུལ་ལ་གཏད་པའི་དུས་ཡོལ་དང་གནོད་འཚེ་ཅན་གྱི་འདུན་པ་དེ་བོར་དགོས། ན་སོ་ལོན་ཞིང་སྔོན་འཛིན་གྱི་ལྟ་ཚུལ་དང་ཞེན་ཆགས། དུས་ཡོལ་གྱི་བསམ་བློ་སོགས་ཀྱིས་ཁེངས་བསྡད་པའི་མི་རྒན་ཚོས་བྱིས་པ་དང་གཞོན་ནུ་ཚོའི་བསམ་པར་རྡོག་རྫིས་གཏོང་བ་དང་། རང་ཉིད་ཀྱི་རྙིང་ཞིང་རྨོངས་པའི་དུས་ཡོལ་གྱི་བསམ་བློ་དང་མཐུན་པའི་བསམ་པ་དབྱིབས་བསྒྱུར་གཏོང་དགོས་པ་དེ་ནི་ཧ་ཅང་དོན་མེད་རེད།

སློབ་མ་ཚོའི་ཤེས་རིག་གི་རང་དབང་དང་། ཁོང་ཚོའི་བསམ་པའི་མྱུར་ཚད། གསར་སྐྲུན་གྱི་རང་བཞིན་ལ་གུས་བརྩི་བྱས་ན་དགའ། དགེ་རྒན་ཚོར་སློབ་མ་ཚོའི་བསམ་པ་ཁྲ་རིང་ནང་དུ་འཇུག་པའི་ཐོབ་ཐང་མེད།

གལ་ཆེ་ཤོས་ནི་སློབ་མའི་བསམ་པར་ག་རེ་བསམ་དགོས་མིན་བཙན་འགེལ་བྱེད་པ་མ་ཡིན་པར། ཁོང་ཚོར་ཆ་ཚང་བའི་རྣམ་པས་ཇི་ལྟར་བསམ་བློ་གཏོང་དགོས་མིན་སློབ་དགོས། བསམ་པ་ནི་ཤེས་རིག་གི་ཡོ་བྱད་ཡིན་པས་དགེ་རྒན་ཚོས་སློབ་མ་ཚོར་ཡོ་བྱད་དེ་བློ་དང་ལྡན་པའི་སྒོ་ནས་བེད་སྤྱོད་གཏོང་དགོས་མིན་སློབ་དགོས།