ནང་དོན་དུ་མཆོང་

དོན་དངོས་ཀྱི་དངོས་ཡོད རྩུབ་པོ

ཨ་ཧྥི་རི་ཁ། ཨེ་ཤི་ཡ། ལེ་ཊིན་ཨ་མེ་རི་ཁ་བཅས་ཀྱི་མི་འབོར་ས་ཡ་མང་པོ་བཀྲེས་སྐོམ་གྱིས་འཆི་སྲིད།

སྤྲེ་རྫས་ནང་གི་རླངས་གཟུགས་ཀྱིས་སའི་གོ་ལའི་རླུང་ཁམས་ཀྱི་ཨོ་ཛོན་རླུང་ལ་རྩ་གཏོར་གཏོང་སྲིད།

མཁས་དབང་ཁ་ཤས་ཀྱིས་སྔོན་དཔག་བྱས་ན་སྤྱི་ལོ་ ༢༠༠༠ ལོར་སའི་གོ་ལའི་ས་འོག་གི་ཐོན་ཁུངས་རྣམས་རྫོགས་འགྲོ་རྒྱུ་རེད།

རྒྱ་མཚོའི་སྲོག་ཆགས་རིགས་མང་པོ་རྒྱ་མཚོའི་ནང་འབག་བཙོག་གིས་རྐྱེན་པས་འཆི་བཞིན་པ་དེ་ད་ལྟ་ར་སྤྲོད་བྱུང་ཡོད།

བློ་དོགས་མེད་པར་ང་ཚོ་མདུན་སྐྱོད་བྱེད་སྟངས་འདི་ལྟར་བྱས་ན་དུས་རབས་འདིའི་མཇུག་ཏུ་གྲོང་ཁྱེར་ཆེན་པོ་ཁག་གི་མི་ཚང་མས་དུ་དྲེག་ལས་སྲུང་ཆེད་དབྱང་རླུང་གི་ཁ་རས་སྤྱོད་དགོས་པའི་གནས་སུ་སླེབས་སྲིད།

ད་ལྟའི་ཚབས་ཆེ་བའི་འབག་བཙོག་མུ་མཐུད་དེ་རྒྱུན་འཁྱོངས་བྱས་ཚེ་མྱུར་མྱུར་ངང་ཉ་ཟ་རྒྱུ་མི་ཐུབ་པ་ཆགས་རྒྱུ་རེད། ཉ་རྣམས་འབག་བཙོག་ཆེ་བའི་ཆུ་ནང་དུ་འཚོ་སྡོད་བྱས་པས་དེ་དག་གིས་བདེ་ཐང་ལ་གནོད་སྐྱོན་ཐེབས་རྒྱུ་རེད།

སྤྱི་ལོ་ ༢༠༠༠ ལོའི་སྔོན་དུ་གཙང་ཞིང་དྭངས་བསིལ་གྱི་ཆུ་ནང་རྐྱལ་བརྡུང་ས་ཞིག་རྙེད་དཀའ་བར་འགྱུར་སྲིད།

ཚད་ལས་བརྒལ་བའི་ས་ཞིང་འཛད་སྤྱོད་དང་གཏེར་ཁ་བསྔོགས་འདོན་བྱེད་དྲགས་པས་མྱུར་དུ་ས་ཞིང་གིས་མི་རྣམས་ལ་བཟའ་བཅའི་མཁོ་ཆས་ཐོན་སྐྱེད་བྱེད་མི་ཐུབ་པ་ཆགས་རྒྱུ་རེད།

ནོར་འཁྲུལ་ཅན་གྱིས་མི་ཞེས་འབོད་པའི་“བློ་གྲོས་ཅན་གྱི་སྲོག་ཆགས་”ཀྱིས་རྒྱ་མཚོ་ནང་དུ་དྲི་མ་ངན་པ་མང་པོ་བླུགས་ཏེ་འབག་བཙོག་བཟོས་པ་དང། རླངས་འཁོར་དང་བཟོ་གྲྭའི་དུ་ཁུག་གིས་རླུང་ལ་དུག་སྦྱོར་བཏང་བ། ས་འོག་ཏུ་རྡུལ་ཕྲན་མཚོན་ཆའི་འབར་གས་དང་སའི་ཤུན་པར་གནོད་སྐྱོན་ཐེབས་པའི་དངོས་རིགས་བེད་སྤྱོད་ལོག་པར་བཏང་བས་ས་སྟེང་གི་གོ་ལ་འདི་ལ་མི་བཟོད་པའི་སྡུག་བསྔལ་གྱི་མཇུག་འབྲས་ཚབས་ཆེན་ཞིག་ཡོང་བའི་ཉེན་ཁ་བཟོས་ཡོད།

“བློ་གྲོས་ཅན་གྱི་སྲོག་ཆགས་”ཀྱིས་རང་བྱུང་ཁོར་ཡུག་མྱུར་ཚད་མཐོན་པོས་གཏོར་བཤིག་གཏོང་བཞིན་པས་འཛམ་གླིང་འདི་སྤྱི་ལོ་ ༢༠༠༠ ལོའི་མཚམས་སུ་སླེབས་དཀའ་བར་འགྱུར་སྲིད།

ནོར་འཁྲུལ་ཅན་གྱིས་མི་ཞེས་འབོད་པའི་“རིགས་རྩལ་ཅན་གྱི་འོ་འཐུང་སྲོག་ཆགས་”ཀྱིས་སའི་གོ་ལ་འདི་གཏོར་བཤིག་བཏང་སྟེ་མི་འཚོ་བའི་ས་ཆར་བསྒྱུར་རྒྱུའི་འབད་བརྩོན་བྱེད་བཞིན་པ་ནི་མངོན་སུམ་འཛེགས་པར་གསལ་པོ་རེད།

རྒྱ་མཚོའི་སྐོར་ལ་བཤད་ན་མི་རིགས་ཚང་མས་དེ་དག་སྙིགས་དོང་ཆེན་པོ་ཞིག་ལ་བསྒྱུར་ཡོད་པ་ཧ་ཅང་གསལ་པོ་རེད།

འཛམ་གླིང་གི་གད་སྙིགས་བརྒྱ་ཆ་བདུན་ཅུ་ཙམ་རྒྱ་མཚོ་སོ་སོའི་ནང་འགྲོ་བཞིན་ཡོད།

སྣུམ་ཚིལ་དང་། འབུ་གསོད་རྫས། རྫས་འགྱུར་དངོས་རྫས། དུག་རླངས། དབང་རྩ་དུག་རླངས། འཁྲུད་རྫས། དེ་བཞིན་དངོས་རིགས་མང་པོས་རྒྱ་མཚོའི་ནང་གི་སྲོག་ཆགས་ཚང་མ་རྩ་མེད་བཟོ་བཞིན་ཡོད།

མཚོ་བྱ་དང་མི་ཚེ་ལ་མེད་དུ་མི་རུང་བའི་སྐྱེ་དངོས་ཕྲ་མོ་རྣམས་རྩ་མེད་འགྲོ་བཞིན་ཡོད།

རྒྱ་མཚོའི་སྐྱེ་དངོས་ཕྲ་མོ་རྩ་མེད་བཟོས་པ་དེ་ནི་ཚོད་དཔག་བྱེད་མི་ཐུབ་པའི་ཚབས་ཆེ་བའི་གནད་དོན་ཞིག་ཡིན་ཏེ། དེས་སའི་གོ་ལའི་དབྱང་རླུང་བརྒྱ་ཆ་བདུན་ཅུ་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད།

ཚན་རིག་ཞིབ་འཇུག་གི་ཐབས་ལམ་བརྒྱུད་ཨ་ཊི་ལན་ཊིག་དང་ཞི་བདེ་རྒྱ་མཚོའི་ཁུལ་ཁ་ཤས་སུ་རྡུལ་ཕྲན་མཚོན་ཆའི་འབར་གས་ལས་བྱུང་བའི་རླངས་རྫས་ཀྱིས་བཙོག་ཟོས་སུ་སོང་ཡོད་པ་ར་སྤྲོད་ཐུབ་ཡོད།

འཛམ་གླིང་གི་གྲོང་ཁྱེར་ཆེན་པོ་ཁག་དང་ལྷག་པར་ཡོ་རོབ་ནང་དུ་འཐུང་ཆུ་བཏུང་ནས་ཕྱིར་བཏོན་རྗེས་སླར་གཙང་བཟོས་ཏེ་ཡང་བཏུང་བཞིན་ཡོད།

“ཤེས་རིག་དར་བའི་”གྲོང་ཁྱེར་ཆེན་པོ་དག་ཏུ་ལྟོ་སྟེགས་སུ་བཤམས་པའི་ཆུ་དེ་མིའི་ལུས་པོའི་ནང་བརྒྱུད་དེ་ལན་མང་སླེབས་ཀྱི་ཡོད།

ལྷོ་ཨ་མེ་རི་ཁ་རྒྱལ་ཁབ་ཀོ་ལོམ་བྷི་ཡའི་ཝེ་ནེ་ཛུའེ་ལཱ་དང་ས་འབྲེལ་ཆགས་པའི་ཀུ་ཀུ་ཊ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་པ་མ་པི་ལོ་ན་གྲོང་ཁྱེར་ནས་འཁྱེར་འོང་བའི་དྲི་མ་ངན་པ་ཚང་མ་འདྲེས་པའི་ཆུ་ནག་བཏུང་དགོས་ཐུག་གི་ཡོད།

ངས་ནན་བརྗོད་ཀྱིས་པ་མ་པི་ལོ་ནི་ཏ་གཙང་པོའི་སྐོར་ལ་བཤད་འདོད་ཡོད། གཙང་པོ་དེས་བྱང་ཕྱོགས་ཀྱི་མུ་ཏིག་(ཀུ་ཀུ་ཊ་)ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད།

བསོད་བདེ་ལེགས་པར་ད་ལྟ་གྲོང་ཁྱེར་ལ་འཐུང་ཆུ་མཁོ་འདོན་བྱེད་མཁན་གྱི་ཆུ་མཛོད་གཞན་པ་ཞིག་ཡོད་ཀྱང་ད་དུང་ཡང་པ་མ་པི་ལོ་ནི་ཏ་གཙང་པོའི་ཆུ་ནག་བཏུང་བཞིན་པ་དེ་མཚམས་འཇོག་བྱེད་ཐུབ་མེད།

ཡོ་རོབ་ཀྱི་གྲོང་ཁྱེར་ཆེན་པོ་ཁག་གི་ཆུ་ནག་རྣམས་གཙང་བཟོ་བྱེད་ཆེད་བཙགས་འཕྲུལ་ཆེན་པོ་དང། འཕྲུལ་འཁོར་ཆེན་པོ། རྫས་འགྱུར་གྱི་དངོས་རིགས་སྣ་ཚོགས་སྤྱོད་བཞིན་ཡོད་ཀྱང་རིམས་ནད་མང་པོ་ཆུ་ནག་ངན་པ་དེ་དག་དང་མིའི་ལུས་པོའི་ནང་དུ་ལན་མང་ཐོན་མྱོང་བའི་ཆུ་དེ་དག་ལ་བརྟེན་ནས་ཁྱབ་བརྡལ་འགྲོ་བཞིན་ཡོད།

སྐད་གྲགས་ཅན་གྱི་འབུ་ཕྲ་ཞིབ་འཇུག་པ་རྣམས་ཀྱིས་རྒྱལ་ས་ཆེན་པོ་དག་གི་འཐུང་ཆུའི་ནང་དུ་ནད་འབུ་དང་། ནད་སྲིན། སྲིན་ཕྲ། འབྲུམ་བུ་སོགས་ནད་རིགས་མང་པོ་རྙེད་ཡོད།

ཡིད་མི་ཆེས་པ་ཞིག་ལ་ཡོ་རོབ་རྒྱལ་ཁབ་ཁག་གི་ཆུ་གཙང་བཟོ་བཟོ་གྲྭ་ཁག་ནང་དུ་དབྱིབས་འགྱུར་སྐྱེ་འཕེལ་ནད་ཀྱི་འབུ་སྲིན་རྙེད་ཡོད།

ད་དུང་ཆུ་འཕྲོ་བརླག་གཏོང་ཚད་ཧ་ཅང་ཆེ། དེང་རབས་ཚན་རིག་པ་རྣམས་ཀྱིས་བརྗོད་ན། སྤྱི་ལོ་ ༡༩༩༠ ལོར་རིགས་རྩལ་ཅན་གྱི་མི་རྣམས་སྐོམ་ནས་འཆི་རྒྱུ་རེད།

གནད་དོན་འདི་ཚང་མའི་ནང་ནས་ཆེས་སྡུག་ཤོས་ནི་ས་འོག་གི་ཆུ་མཛོད་དག་ལ་བློ་གྲོས་ཅན་གྱི་སྲོག་ཆགས་ཀྱིས་གང་བྱུང་བེད་སྤྱོད་བྱེད་དྲགས་པས་ཉེན་ཁ་བཟོས་ཡོད།

སྣུམ་འདོན་ཁྲོན་པ་རྣམས་ལ་སྙིང་རྗེ་མེད་པར་གཏེར་ཁ་བསྔོགས་འདོན་བྱེད་པ་ནི་མུ་མཐུད་ནས་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད། ས་འོག་ནས་སྔོག་འདོན་བྱས་པའི་སྣུམ་གྱིས་ས་འོག་གི་ཆུ་རྣམས་བརྒྱུད་དེ་འབག་བཙོག་བཟོ་བཞིན་ཡོད།

དེའི་མཇུག་འབྲས་སུ་སྣུམ་གྱིས་མི་ལོ་བརྒྱ་ལྷག་རིང་ས་འོག་གི་ཆུ་རྣམས་འཐུང་མི་འོས་པའི་གནས་སུ་བསྒྱུར་ཡོད།

དོན་དངོས་སུ་འབག་བཙོག་འདིའི་མཇུག་འབྲས་ལས་རྩི་ཤིང་དང་མི་མང་པོ་ཤི་བཞིན་ཡོད།

ད་ལྟ་ང་ཚོས་སྲོག་ཆགས་ཀྱི་ཚེ་སྲོག་ལ་མེད་དུ་མི་རུང་བའི་རླུང་གི་སྐོར་ལ་ཅུང་ཙམ་བཤད་ན།

དབུགས་རྔུབ་པ་དང་དབུགས་གཏོང་བ་ཐེངས་རེ་རེར་གློ་བས་རླུང་ལི་ཊར་ཕྱེད་ཀ་རྔུབ་པ་རེད། དེ་ནི་ཉིན་གཅིག་ལ་རླུང་སྨི་གྲུ་བཞི་མ་བཅུ་གཉིས་ཙམ་རེད་འདུག གྲངས་ཀ་དེ་སའི་གོ་ལའི་མི་འབོར་ཐེར་འབུམ་བཞི་དང་ཕྱེད་ཀས་བསྒྱུར་ན་ང་ཚོར་མིའི་རིགས་ཀྱིས་ཉིན་རེར་དབྱང་རླུང་ཇི་ཙམ་བེད་སྤྱོད་གཏོང་གི་ཡོད་མེད་ཀྱི་གྲངས་འབོར་ངོ་མ་རྙེད་ཐུབ་པ་དང་། དེ་མིན་སའི་གོ་ལར་གནས་པའི་སྲོག་ཆགས་གཞན་པས་ཀྱང་དབྱང་རླུང་མང་པོ་བེད་སྤྱོད་གཏོང་གི་ཡོད།

ང་ཚོས་དབུགས་རྔུབ་པའི་དབྱང་རླུང་ཚང་མ་རླུང་ཁམས་ཆེན་པོའི་ནང་དུ་ཡོད་པ་དང་དེ་ནི་ད་ལྟ་ང་ཚོས་འབག་བཙོག་བཟོས་ཏེ་གཏོར་བཤིག་གཏོང་བཞིན་པའི་སྐྱེ་དངོས་ཕྲ་མོས་བཟོས་པ་ཡིན་ཞིང་། དེ་བཞིན་རྩི་ཤིང་གི་འོད་སྡུད་ནུས་པའི་བྱེད་ལས་ལ་བརྟེན་ནས་ཐོན་སྐྱེད་བྱེད་པ་ཞིག་ཀྱང་རེད།

བློ་ཕམ་དགོས་པ་ཞིག་ལ་དབྱང་རླུང་གི་གསོག་ཚད་རྣམས་ཀྱང་རྫོགས་ལ་ཉེ་བཞིན་ཡོད།

ནོར་འཁྲུལ་ཅན་གྱིས་མི་ཞེས་འབོད་པའི་རིགས་རྩལ་ཅན་གྱི་འོ་འཐུང་སྲོག་ཆགས་ཀྱིས་བཟོ་ལས་མང་པོ་བརྒྱུད་ཉི་འོད་ཀྱི་འོད་སྡུད་ནུས་པར་མཁོ་གལ་ཆེ་བའི་ཚད་དེ་མུ་མཐུད་ཉུང་དུ་གཏོང་བཞིན་ཡོད། དེ་ནི་ད་ལྟ་རྩི་ཤིང་གིས་ཐོན་སྐྱེད་བྱེད་བཞིན་པའི་དབྱང་རླུང་གི་ཚད་དེ་དུས་རབས་སྔོན་མ་ལས་ཧ་ཅང་ཉུང་དུ་སོང་ཡོད་པའི་རྒྱུ་མཚན་ཡིན།

འཛམ་གླིང་གི་གོད་ཆག་འདི་ཚང་མའི་ནང་ནས་ཚབས་ཆེ་ཤོས་ནི་“བློ་གྲོས་ཅན་གྱི་སྲོག་ཆགས་”ཀྱིས་རྒྱ་མཚོ་ལ་མུ་མཐུད་དུ་འབག་བཙོག་བཟོ་བ་དང་། སྐྱེ་དངོས་ཕྲ་མོ་རྣམས་གཏོར་བཤིག་བཏང་བ། རྩི་ཤིང་རྣམས་རྩ་མེད་བཟོ་བ་བཅས་རེད།

“རིགས་རྩལ་ཅན་གྱི་སྲོག་ཆགས་”ཀྱིས་བློ་ཕམ་དགོས་པའི་རང་གི་དབྱང་རླུང་གི་འབྱུང་ཁུངས་རྣམས་མུ་མཐུད་དུ་གཏོར་བཤིག་གཏོང་བཞིན་ཡོད།

“རིགས་རྩལ་ཅན་གྱི་མི་”ཡིས་རླུང་ནང་དུ་རྒྱུན་ཆད་མེད་པར་དབྱུག་པའི་དུ་དྲེག་གིས་གསོན་མི་ཐུབ་པར་བཟོས་པ་མ་ཟད་སའི་གོ་ལའི་ཚེ་སྲོག་ལ་ཡང་ཉེན་ཁ་བཟོ་བཞིན་ཡོད།

དུ་དྲེག་གིས་དབྱང་རླུང་གི་གསོག་ཚད་རྣམས་རྩ་མེད་བཟོས་པ་ཙམ་མ་ཟད་མི་ཡང་གསོད་བཞིན་ཡོད།

ར་སྤྲོད་བྱུང་བ་ལྟར་དུ་དུ་དྲེག་གིས་སྨན་བཅོས་བྱེད་ཐབས་མེད་པའི་ནད་རིགས་ཁྱད་མཚར་དང་ཉེན་ཚབས་ཅན་མང་པོ་བཟོ་བཞིན་ཡོད།

དུ་དྲེག་གིས་ཉི་འོད་དང་འཕྲོ་ཐུང་གི་འོད་ཟེར་རྣམས་ནང་དུ་འཛུལ་བཅུག་གི་མེད་སྟབས་རླུང་ཁམས་ཆེན་པོའི་ནང་དུ་དཀའ་ངལ་ཚབས་ཆེན་མང་པོ་བཟོ་བཞིན་ཡོད།

གནམ་གཤིས་འགྱུར་ལྡོག་གི་དུས་རབས་ཤིག་སླེབས་ཀྱི་ཡོད་པ་སྟེ། འཁྱགས་རོམ་གྱི་དུས་རབས་དང་། འཁྱགས་པ་བྱང་སྣེ་ནས་ལྷོ་ཕྱོགས་སུ་འཕེལ་རྒྱས་འགྲོ་བ། རྦ་རླབས་འཇིགས་སུ་རུང་བ། ས་ཡོམ་སོགས་འབྱུང་རྒྱུ་རེད།

སྤྱི་ལོ་ ༢༠༠༠ ལོར་གློག་ཤུགས་བེད་སྤྱོད་བྱེད་ཚད་མང་དྲགས་པས་སའི་གོ་ལའི་ས་ཁུལ་ཁ་ཤས་སུ་ཚ་བ་ཆེ་དྲགས་ནས་སའི་གོ་ལའི་མདའ་རྣམས་འགྱུར་བའི་བརྒྱུད་རིམ་ལ་རོགས་རམ་བྱེད་སྲིད།

མྱུར་དུ་སྣེ་གཉིས་པོ་དེ་སའི་གོ་ལའི་དཀྱིལ་ཐིག་ཏུ་གྲུབ་སྟེ་དཀྱིལ་ཐིག་དེ་སྣེ་གཉིས་པོར་འགྱུར་འགྲོ་རྒྱུ་རེད།

སྣེ་གཉིས་པོའི་འཁྱགས་པ་ཞུ་འགོ་ཚུགས་ཡོད་པ་དང་མེ་ལ་བརྟེན་པའི་ཆུ་ལོག་གི་གོད་ཆག་ཅིག་ཀྱང་ཉེ་བར་སླེབས་བཞིན་ཡོད།

མ་འོངས་པའི་ལོ་བཅུའི་ནང་དུ་“དབྱང་གཉིས་ཐཱན་འགྱུར་རྫས་”མང་དུ་འགྲོ་རྒྱུ་ཡིན་སྟབས་རྫས་འགྱུར་གྱི་གྲུབ་ཆ་དེས་སའི་གོ་ལའི་རླུང་ཁམས་ཆེན་པོའི་ནང་དུ་མཐུག་ཚད་ཆེ་བའི་བང་རིམ་ཞིག་གྲུབ་རྒྱུ་རེད།

དེ་འདྲའི་བཙགས་ཤོག་གམ་བང་རིམ་གྱིས་ཚ་བའི་འཕྲོ་འགྱེད་རྣམས་སྡུད་ལེན་བྱས་ཏེ་གོད་ཆག་གི་དྲོད་ཁང་ཞིག་གི་ནུས་པ་ཐོན་རྒྱུ་རེད།

ས་གཞིའི་གནམ་གཤིས་ས་ཁུལ་མང་པོའི་ནང་དུ་དྲོ་དྲགས་པ་དང་ཚ་བས་སྣེ་གཉིས་པོའི་འཁྱགས་པ་ཞུ་བཅུག་སྟབས་རྒྱ་མཚོའི་ངོས་ཚད་ཀྱང་ཧ་ལས་པའི་ཚད་དུ་འཕར་སྲིད།

གནས་སྟངས་དེ་ཧ་ཅང་ཛ་དྲག་རེད། ས་ཞིང་ལེགས་པོ་རྣམས་མེད་འགྲོ་བཞིན་ཡོད་པ་དང་ཉིན་རེར་མི་ཁྲི་གཉིས་བཟའ་བཅའ་མཁོ་བའི་སྐྱེ་བཞིན་ཡོད།

ཉེ་བར་སླེབས་བཞིན་པའི་འཛམ་གླིང་གི་བཀྲེས་སྐོམ་གྱི་གོད་ཆག་དེ་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་ཡིན་སྟབས་དེ་ད་ལྟ་སྒོ་ཁར་སླེབས་ཡོད།

ད་ལྟ་ལོ་རེར་མི་ས་ཡ་བཞི་བཅུ་བཀྲེས་སྐོམ་དང་བཟའ་བཅའ་མེད་པའི་དབང་གིས་ཤི་བཞིན་ཡོད།

ནགས་ཚལ་བརྡལ་བཤིག་གཏོང་བ་དང་གཏེར་ཁ་དང་སྣུམ་བསྔོགས་འདོན་བྱེད་པ་ནི་སྙིང་རྗེ་མེད་པའི་ལས་ཤིག་སྟེ། དེས་ས་གཞི་བྱེ་ཐང་ལ་བསྒྱུར་བཞིན་ཡོད།

རྡུལ་ཕྲན་ནུས་ཤུགས་དེ་མིའི་རིགས་ལ་མི་འཚམ་ཞིང་འཇིག་རྐྱེན་བཟོ་བ་བདེན་པ་ཡིན་ནའང་། ད་ལྟ་“འཆི་བདག་གི་འོད་ཟེར་”དང། “འབུ་སྲིན་མཚོན་ཆ་”དེ་བཞིན་ཚན་རིག་པས་གསར་བཟོས་བྱས་པའི་གཏོར་བཤིག་ཚབས་ཆེན་དང་གནོད་སྐྱོན་ཆེ་བའི་དངོས་རིགས་མང་པོ་ཞིག་ཡོད་པ་ཡང་བདེན་པ་རེད།

རྡུལ་ཕྲན་ནུས་ཤུགས་ཐོབ་ཆེད་ཚོད་འཛིན་དཀའ་བའི་ཚ་བ་ཧ་ཅང་མང་པོ་དགོས་པ་དང་དེས་དུས་ནམ་ཡིན་ཡང་གོད་ཆག་ཅིག་བཟོ་སྲིད་པ་ནི་བློ་དོགས་མེད་པ་ཞིག་རེད།

རྡུལ་ཕྲན་ནུས་ཤུགས་ཐོབ་ཆེད་འཕྲོ་འགྱེད་རང་བཞིན་ལྡན་པའི་གཏེར་རྫས་འབོར་ཆེན་དགོས་པ་དང་དེ་དག་གི་བརྒྱ་ཆ་སུམ་ཅུ་ལས་བེད་སྤྱོད་གཏོང་གི་མེད་སྟབས་སའི་གོ་ལའི་ས་འོག་གི་ཐོན་ཁུངས་རྣམས་མགྱོགས་པོར་རྫོགས་འགྲོ་བཞིན་ཡོད།

ས་འོག་ཏུ་ལྷག་པའི་རྡུལ་ཕྲན་གྱི་དོར་སྙིགས་རྣམས་ཧ་ཅང་ཉེན་ཚབས་ཆེ། རྡུལ་ཕྲན་གྱི་དོར་སྙིགས་ཆེད་བདེ་འཇགས་ཀྱི་ས་ཆ་གང་ཡང་མེད།

རྡུལ་ཕྲན་གྱི་གད་སྙིགས་ཁྲོད་ནས་རླངས་གཟུགས་ཕྲན་བུ་ཙམ་ཞིག་ཤོར་ཡང་མི་ས་ཡ་མང་པོ་འཆི་སྲིད།

བཟའ་བཅའ་དང་ཆུའི་འབག་བཙོག་གིས་རིགས་རྒྱུད་འགྱུར་བ་དང་གདུག་འདྲེའི་རྣམ་པ་ཅན་གྱི་མི། བྱིས་པ་སྐྱེ་དུས་དབྱིབས་མི་ལེགས་པ་དང་གདུག་འདྲེའི་རྣམ་པར་སྐྱེ་བའི་གནས་སྟངས་བཟོ་བཞིན་ཡོད།

སྤྱི་ལོ་ ༡༩༩༩ ལོའི་སྔོན་དུ་རྡུལ་ཕྲན་གྱི་དོན་རྐྱེན་ཚབས་ཆེན་ཞིག་འབྱུང་སྟེ་འཇིགས་སྐྲག་ཚབས་ཆེན་ཞིག་བཟོ་སྲིད།

བདེན་པར་བཤད་ན་མིའི་རིགས་ཀྱིས་འཚོ་བ་ཇི་ལྟར་སྐྱེལ་དགོས་མིན་མི་ཤེས་པ་དང། དམྱལ་བར་མཆོང་འགྲོ་བ་དང་གཅིག་མཚུངས་རེད།

གནད་དོན་འདི་ཚང་མའི་ནང་ནས་ཚབས་ཆེ་ཤོས་ནི་གོད་ཆག་དེའི་རྒྱུ་རྐྱེན་ཏེ། བཀྲེས་སྐོམ། དམག་འཁྲུག ང་ཚོས་འཚོ་བ་སྐྱེལ་སའི་སའི་གོ་ལ་གཏོར་བཤིག་གཏོང་བ་སོགས་ནི་ང་ཚོ་རང་ངོས་ནང་དུ་ཡོད་པ་སྟེ། ང་ཚོས་དེ་དག་ང་ཚོའི་སེམས་ཁམས་ནང་དུ་བཅུག་ཡོད།